ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་བ།

“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱེད་པ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས།སྔར་ལས་དམ་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ས་དེའི་དུས་ཚོད་ཟླ9པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ས་མར་ཧན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞི་རྒྱལ་ཁབ་ཝུའུ་ཚི་པེར་ཁོ་སི་ཐན་གྱི་ཙུང་ཐུང་མེར་ཅི་ཡུའེ་ཡེ་ཧྥུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ། ཐ་ཅི་ཁོ་སི་ཐན་གྱི་ཙུང་ཐུང་ལ་ཧོ་མེང་། ཧིན་རྡུའི་ཙུང་ལི་མོ་ཏི། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་བཅས་དང་། ལྟ་དཔྱད་མཁན་རྒྱལ་ཁབ་པའེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ། དབྱི་རག་གི་ཙུང་ཐུང་ལའེ་ཞི། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧོར་ལི་སུའུ་ཧོ། ཀྲུའུ་ཞི་རྒྱལ་ཁབ་ཀྱི་སྐུ་མགྲོན་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཤེར་ཏར·པེར་ཏི་མུའུ་ཧ་མེ་ཏོ་ཧྥུ། ཨ་སའེ་པའེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་སོགས་དང་། དེ་མིན་ད་དུང་འབྲེལ་ཡོད་ཀྱི་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འཐུས་མི་བཅས་གྲོས་ཚོགས་སུ་ཞུགས།

ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་ཁ་བྱང་ལ《དུས་རབས་ཀྱི་འཕེལ་འགྲོས་ཁོང་དུ་ཆུད་པ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ་མཛེས་སྡུག་གི་མ་འོངས་པ་མཉམ་སྐྲུན་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩ་འཛིན་ལ་མིང་རྟགས་བཀོད་ནས་ལོ་འཁོར20ལོན་པ་དང་།ཁོངས་ཞུགས་རྒྱལ་ཁབ་ཡུན་རིང་མཛའ་མཐུན་ཡོང་བའི་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ལོ་འཁོར15ལོན་པའི་སྐབས་དང་ཁེལ་ཡོད། རྩ་འཛིན་རང་བཞིན་གྱི་ཡིག་ཆ་འདི་གཉིས་བསམ་བློའི་རྨང་རྡོ་དང་འགུལ་སྐྱོད་ཕྱོགས་སྟོན་དུ་བཟུང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རིམ་བཞིན་རིགས་གསར་པའི་རྒྱལ་སྤྱིའི་རྩ་འཛུགས་འཚར་ལོངས་སྟོབས་འཕེལ་གྱི་བགྲོད་ལམ་ཞིག་རྒྱལ་ཁའི་ངང་འཚོལ་རྙེད་བྱུང་ཡོད་ལ། བློ་འབྱེད་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་རྒྱལ་ཁའི་ཉམས་མྱོང་གལ་ཆེན་རབ་དང་རིམ་པ་བསགས་ཡོད་པ་སྟེ། ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ཡིད་རྟོན་ཡོང་བ་རྒྱུན་འཁྱོངས་དང་། ཕན་ཚུན་ལ་ཕན་པའི་མཉམ་ལས་རྒྱུན་འཁྱོངས། འདྲ་མཉམ་སྒོས་ཕན་ཚུན་འབྲེལ་འདྲིས་བྱེད་པ་རྒྱུན་འཁྱོངས། སྒོ་འབྱེད་དཀྱེལ་ཡངས་བྱེད་པ་རྒྱུན་འཁྱོངས། སྤྱི་སྙོམས་དྲང་བཞག་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ཡོད། ཉམས་མྱོང་འདི5པོས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་ལ་ཕན་པ། འདྲ་མཉམ། གྲོས་མོལ། དཔལ་ཡོན་སྣ་མང་ལ་བརྩི་འཇོག་བྱེད་པ། ཐུན་མོང་འཕེལ་རྒྱས་བརྩོན་པའི“ཧྲང་ཧའེ་ཡི་སྙིང་སྟོབས”གང་ལེགས་ཀྱིས་མཚོན་ཡོད། “ཧྲང་ཧའེ་ཡི་སྙིང་སྟོབས”ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སྟོབས་ཆེན་དུ་འགྱུར་བའི་སྐྱེ་སྟོབས་ཀྱི་འབྱུང་ཁུངས་ཡིན་ལ། ལྷག་པར་དུ་ཧྲང་ཧའེ་མཉམ་ལས་རྩ་འཛགས་ཀྱིས་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་བའི་བསྲུང་བྱའང་ཡིན་པ་ལག་ལེན་ལས་ར་སྤྲོད་བྱས་ཡོད། སྔོན་ཆད་ང་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”ལག་བསྟར་བྱས་པར་རྒྱལ་ཁ་ཆེན་པོ་བླངས་པ་དང་། མ་འོངས་པར་ང་ཚོས་ད་དུང“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱས་ཏེ་མདུན་དུ་བསྐྱོད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས། འཛམ་གླིང་སྟེང་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་མོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པས། འཛམ་གླིང་གཡོ་འགུལ་འགྱུར་འབྱུང་གི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་གདམ་གསེས་ཀྱི་བཞི་མདོར་འགྲེངས་ཏེ། སྔར་བྱུང་མ་མྱོང་བའི་འགྲན་སློང་ལ་གདོང་གཏད་ཡོད། གནས་བབ་གསར་པའི་འོག་ཏུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འཛུགས་སྐྲུན་རང་བཞིན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་འགྱུར་ལྡོག་ཆེན་མོར་གདོང་གཏོད་ཕོད་དགོས་ལ། དུས་རབས་ཀྱི་འཕེལ་འགྲོས་ཁོང་དུ་ཆུད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། སྔར་ལས་དམ་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

དང་པོ། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་པ། བདེ་འཇགས་མཉམ་ལས་བྱེད་ཚད་རྒྱ་བསྐྱེད་དགོས། གསུམ་པ། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་དགོས། བཞི་པ། མི་ཚུལ་རིག་གནས་བརྗེ་རེས་ལ་ཤུགས་སྣོན་དགོས། ལྔ་པ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེན་མོའི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པ་ནི་རང་ས་ཁུལ་དང་ཐ་ན་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་རེ་ལྟོས་ཡིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དེའི་ཆེད་དུ་འགན་འཁྲི་གལ་ཆེན་འཁུར་ཡོད། རང་རྩ་འཛུགས་ཀྱིས་འཕེལ་རྒྱས་དང་ཁོངས་ཞུགས་རྒྱལ་ཁབ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། རང་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ཤུགས་རྐྱེན་འདོན་སྤེལ་བྱས་ཏེ། ཨ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོར་སྲུང་སྐྱོང་བྱེད་པ་དང་འཛམ་གླིང་ཞི་བདེ་ཡུན་བརྟན་ཡོང་བ། ཐུན་མོང་དར་རྒྱས་ཡོང་བ་བཅས་ལ་དྲང་ནུས་སྦྱིན་པ་དང་གསོན་ཤུགས་གསར་པ་བསྐྲུན་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ཁོངས་ཞུགས་རྒྱལ་ཁབ་རྒྱ་བསྐྱེད་པའི་བྱ་བ་ཧུར་ཐག་དང་བརྟན་བརླིང་ངང་སྒྲུབ་པ་དང་། གོ་སྐབས་དམ་འཛིན་བྱས་ནས། ཐུན་མོང་གི་ངོས་ཟིན་གོང་བུར་བསྒྲིལ་བ་དང་མཉམ་ལས་ཟབ་སྤེལ་བྱས་ཏེ། ཨ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་མཛེས་སྡུག་གི་མ་འོངས་པ་མཉམ་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཚུན་དུ། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་ཚད་མཐོན་པོས་སྲུང་སྐྱོབ་བྱས་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་སྒྲོམ་གཞི་བརྟན་པོ་ཡོང་བར་ཚད་མཐོན་པོས་སྲུང་སྐྱོབ་བྱས། ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཆ་ཆེ་ཞིང་ཡིབ་ཤུགས་འདང་ངེས་ཡོད་ལ། རྐྱོང་སྐུམ་གྱི་ཁོད་རྒྱ་ཡངས་པ་དང་། དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པ་འགྱུར་མི་སྲིད་པས། འཛམ་གླིང་དཔལ་འབྱོར་བརྟན་འཇགས་དང་སླར་གསོ་ཡོང་བར་སྒུལ་ནུས་ཆེན་པོ་འདོན་ཐུབ་ལ། རྒྱལ་ཁབ་སོ་སོར་ཁྲོམ་རའི་གོ་སྐབས་སྔར་ལས་རྒྱ་ཆེ་བ་འདོན་སྤྲོད་བྱེད་ཐུབ། ཟླ་ངོ་གཅིག་གི་གཞུག་ནས། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ཏེ། ཀྲུང་གོས་བཅོས་བསྒྱུར་འཕེལ་རྒྱས་ཁྲོད་བླངས་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་རྩ་ཆེན་ཁྱོན་ཡོངས་ནས་སྤྱི་བསྡོམས་དང་། དུས་རབས་གསར་པའི་འཐབ་ལམ་གསར་པར་ཀྲུང་གོའི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། འགུལ་སྐྱོད་རྩ་འཛིན་དང་ཇུས་ཆེན་བྱེད་ཕྱོགས་གཏན་འབེབས་བྱེད་རྒྱུ་ཡིན། ང་ཚོས་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་བསྐྲུན་པ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བ་དང་མིའི་རིགས་ཀྱི་དཔལ་ཡོན་གོང་འཕེལ་འགྲོ་བར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ལམ་ཐག་རིང་ཡང་གོམ་པ་རེ་རེ་སྤོས་ན་ཐོན་ཐུབ་པས། ང་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་བརྟན་བརླིང་ངང་ཡུན་རིང་འཕེལ་ཐུབ་པར་སྐུལ་འདེད་གཏོང་བ་དང་། ཞི་བདེ་དང་བརྟན་བརླིང་། དར་རྒྱས། མཛེས་སྡུག་བཅས་ཀྱི་ཁྱིམ་གཞིས་སྐྱིད་པོ་མཉམ་སྐྲུན་བྱེད་རྒྱུ།

གྲོས་ཚོགས་སྟེང་ཧིན་རྡུ་ཡིས2022ལོ་ནས2023ལོའི་བར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་བཞེས་རྒྱུ་ཐག་བཅད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།