ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མགོ་ལོག་ཁུལ་གྱིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱེད་ཐབས་བཞི་བཏོན་པ།

ཉེ་ཆར། ཀྲུང་གུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས《མགོ་ལོག་ཁུལ་གྱི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱེད་ཐབས་བཞི》(གཤམ་དུ《བྱེད་ཐབས》ཞེས་བསྡུས་ཡོད)དཔར་འགྲེམས་བྱས་ཏེ། “ཕྱོགས་ཡོངས་ནས་དོ་དམ་དང་ལས་རིགས་ཡོངས་ཀྱིས་ཚོད་འཛིན། སྦྲེལ་ཐག་ཧྲིལ་པོས་རྡུང་རྡེག སྤྱི་ཚོགས་ཡོངས་ཀྱིས་འགོག་ཟོན”བཅས་བྱེད་པ་དང“ཡོངས་བཞི་མཉམ་འགུལ་དང་གནས་བཞི་གཞི་གཅིག”གི་བྱེད་ཐབས་བཞི་གཏན་འབེབས་བྱས། 《བྱེད་ཐབས》དེ་དཔར་འགྲེམས་བྱས་ཉིན་ནས་ལག་བསྟར་བྱས།

《བྱེད་ཐབས》དངོས་སུ་བཏོན་པ་དེས། མགོ་ལོག་ཁུལ་གྱིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བ་དེ་མགོ་ལོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ངོས་ཐད་ནས་མཐོར་འདེགས་བཏང་སྟེ། “རྒོལ་འགོག་དོ་དམ་ཚོད་འཛིན་གྱི་ཡོངས་བཞི་མཉམ་འགུལ་དང་། རྩ་ལག་མཉམ་བཅོས་ཀྱི་གནས་བཞི་གཞི་གཅིག”གི་ཆགས་སྟངས་གསར་པ་ཞིག་བསྐྲུན་པ་མཚོན་ཡོད།

《བྱེད་ཐབས》ལས་བསྟན་དོན། ལས་རིགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་པ་ནི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་བྱ་སྤྱོད་ལ་འགོག་ཟོན་བྱེད་པའི་འགག་རྩ་དང་གཙོ་གནད་ཡིན་ལ་དཀའ་གནད་ཀྱང་ཡིན། མགོ་ཁུངས་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་རྐང་འཛུགས་པ་དང་། དྲ་ངོས་ཀྱི་འགོག་ཟོན་གཙིགས་སུ་བཟུང་ནས། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་སྐོར་གྱི་བརྡ་འཕྲིན་སྦྲེལ་ཐག་དང་མ་དངུལ་སྦྲེལ་ཐག མི་སྣའི་སྦྲེལ་ཐག་སོགས་གནད་འགག་ལྷུ་མཚམས་ལ་ཁ་གཏད་དེ། འགོན་ཟོན་རང་བཞིན་གྱི་ལམ་ལུགས་དང་བྱེད་ཐབས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལས་རིགས་བཅོས་སྐྱོང་གཙོ་གནད་དུ་བཟུང་སྟེ་སྐུལ་སྤེལ་བྱེད་དགོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། དངུལ་རྩའི་ལས་ཁུངས། འཕྲིན་གཏོང་ཚོང་གཉེར་བ་སོགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཇེ་ལྕིར་བཏང་སྟེ། “རྐུན་མའི་རྗེས་ཀྱི་ར་མདའ”དེ“ཆུ་མ་ཡོང་གོང་གི་རགས”དང་། “སྤྱི་བདེ་གཙོར་བྱས་ཏེ་རྒོལ་བ”དེ“དམངས་སེམས་མཐུན་པའི་ལྕགས་རི”ལ་བསྒྱུར་དགོས།

《བྱེད་ཐབས》ནང་བླང་བྱ་བཏོན་དོན། སྤྱི་བདེ་ལས་ཁུངས་ཀྱིས་མགོ་སྐོར་ལ་རྒོལ་བའི་བྱ་བར་སྣེ་ཁྲིད་དེ་འགན་ཁུར་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དེ་འབྲེལ་གྱི་བྱ་བ་སྤེལ་ནས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མགོ་སྐོར་ངོ་རྒོལ་ལྟེ་གནས་ཀྱིས་དུས་ཚོད་ཉེར་བཞི་དང་ལས་རྐང་ཡོངས་རྫོགས། ལས་འགན་ཡོད་ཚད་དངོས་གཟུགས་ཅན་དང་དངོས་འཐབ་ཅན་གྱི་སྒོ་ནས་འཁོར་སྐྱོད་བྱེད་ཐུབ་པར་ཁག་ཐེག་ནན་མོ་བྱེད་པ་དང་། མགོ་སྐོར་ངོ་རྒོལ་ལྟེ་གནས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་འཐབ་འཛིང་སྟེགས་བུའི“བཀོད་འདོམས་དམག་གྲུའི”ནུས་པ་དངོས་གནས་འདོན་སྤེལ་བྱེད་དགོས། རྫོང་སོ་སོའི་མགོ་སྐོར་ངོ་རྒོལ་ལྟེ་གནས་ཀྱིས“བསླུ་འབྲེལAPPལ་ཞིབ་འབེབས་བྱེད་པའི་ཚད་དང་ཉེན་བརྡ་སྔོན་གཏོང་ཚད། གྱོད་གཞི་གནད་ཆེན་ལ་མྱུལ་ཞིབ་བྱེད་ཚད”སོགས་གཙོ་གནད་བྱ་བ་སྣ10དམིགས་ཚད་གཙོ་བོར་བཟུང་སྟེ། ཟླ་རེ་རེར་ཨང་རིམ་སྒྲིག་པ་དང་དཔྱད་སྡུར་བྱས་ཐོག རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ཐད་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཕན་ནུས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། །