ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྩེ་ཆུ་སྔོན་མོའི་འགྲམ་དུ་དགའ་སྤྲོའི་གླུ་སྒྲ་ལྷང་ལྷང་གྲགས།

རྫོགས་ལྡན་སྟོན་གྱི་དུས་ཚིགས་ཐོན་པ་དང་ལྷན་དུ་རྩེ་གཞུང་གི་འབྲོག་པ་རྣམས་ཀྱིས་ལོ་གཅིག་རིང་གི་ཆེས་སྐྱིད་པའི“ལོ་ལེགས”ཀྱི་དུས་ཚིགས་དེ་བསུས་ཡོང་།

རྩེ་གཞུང་རྩྭ་ཐང་དུ་བསྐྱོད་ན་སྡེ་བ་རེ་ལ་ཐོན་རྫས་རེ་ཡོད་པའི་ཐོན་ལས་ཀྱི་ཆགས་སྟངས་དེ་ལ་ལྟ་རྒྱུ་མང་བས་གང་ལ་ལྟ་དགོས་པའང་མི་ཤེས་པ་ཞིག་རེད། ལྷག་པར་དུ་སྟོན་ཁའི་དུས་འདིར་དགུང་ཨ་སྔོན་གཡའ་དག་ཅིང་སྤྲིན་དཀར་པོ་ལང་ལོང་དུ་རྒྱུ་བ། ཆུ་མོ་དྭངས་ཤིང་རྩྭ་ཐང་མཛེས། ཕྱུགས་ཟོག་ལ་ཤ་ཤེད་རྒྱས་པའི་སྐབས་སུ་འབྲོག་པ་རྣམས་ཀྱི“ལོ་ལེགས”བསྡུས་རྗེས་ཀྱི་དགའ་སྤྲོའི་དགོད་སྒྲ་དེ་སྔར་ལས་ཀྱང་སྙན་ཞིང་འཇེབས་པ་ཞིག་རེད།

ཉིན་འགའི་སྔོན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་དཔལ་མཁར་སྡེ་བའི་ནུས་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཕྱུགས་རྫི་མགུར་རྡོ་དང་ཁོའི་རོགས་པ་གཉིས་ཀྱིས་ཕྱུགས་ཟོག་དབྱར་ས་ནས་སྟོན་སར་དེད། དེས་མཉམ་ལས་ཁང་གིས་ནོར་ལུག་སྐོར་ཞིག་བཙོང་བའི་དུས་ཚིགས་བསུས་ཡོད་པ་མཚོན་ཡོད།

“ཉིན་གཉིས་ཀྱི་སྔོན་དུ་ལུག350དང་ནོར40བཙོངས་པས་མཉམ་ལས་ཁང་ལ་ཡོང་སྒོ་སྒོར་ཁྲི103ཐོབ།”ནོར་ལུག་སྐོར་ཞིག་བཙོངས་པས་མཉམ་ལས་ཁང་ལ་སྒོར་ཁྲི་ས་ཡ་ཡན་གྱི་ཡོང་སྒོ་ཐོབ། དོན་འདི་ལ་མགུར་རྡོ་དགའ་སྤྲོ་སྐྱེས་ཡོད། ཕྱུགས་རྫི་ཞིག་ཡིན་པའི་ཆ་ནས་ཕྱུགས་ཟོག་འཚོས་ནས་ཤ་ཤེད་རྒྱས་སུ་བཅུག་ཡོད་པས། དུས་བཅད་ལྟར་ཁོ་ཚོར་གླ་ཕོགས་ཀྱི་རྨང་གཞིའི་སྟེང་དུ་བྱ་དགའི་སྒོར་མོའང་ཐོབ། མགུར་རྡོ་དང་ཁོའི་རོགས་པ་གཉིས་ལ་མཚོན་ནས་བཤད་ན། འདི་ནི་ལོ་གཅིག་གི་རིང་ལ་བརྩོན་པས་ངལ་ལས་བྱས་པའི་ཆེས་ལེགས་པའི་ཁས་ལེན་དང་སྐུལ་སློང་ཡིན་པ་གདོན་མི་ཟ་བས། ནམ་མཁའི་སྐར་མ་ཐང་ལ་ལྷུང་འདྲའི་རྩྭ་ཐང་གི་ནོར་ལུག་ལ་བལྟས་ནས་ཁོས་རང་དབང་མེད་པར་རྫི་གླུ་སྙན་མོ་ཞིག་བླངས་སོང་།

ཧོར་གྲོང་རྡལ་གྱི་བྱང་འགྲམ་དུ་གནས་པའི་དཔལ་མཁར་སྡེ་བའི་ནུས་ལྡན་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་བསྐྱོད་པ་ན། མིག་མདུན་གྱི་ར་སྐོར་ཆེན་པོ་ཞིག་གི་ནང་དུ་གཞུང་ལས་ཁང་དང་རྒྱུད་བཟང་ཕྱུགས་སྤེལ་དྲོད་ཁང་། གཟན་རྩྭའི་གསོག་འཇོག་ཁང་པ་སོགས་མི་འཛོམས་པ་གཅིག་ཀྱང་མེད། གསར་དུ་ལས་པའི་ཕྱུགས་ཁང་གྱན2ལ་ཞིབ་བཤེར་རྩིས་ལེན་ཐོབ་སྟེ་དགུན་ཁར་བཀོལ་སྤྱོད་བྱེད་རྩིས་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་དཔལ་མཁར་སྡེ་བའི་ཐོན་ལས་ར་བ་ཁུལ་དུ་ཐོན་པ་ན། ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་བཟོ་གྲྭ་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་སུ་སྔར་བཞིན་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་འདུག

ཉིན་འགའི་སྔོན་དུ། དཔལ་མཁར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ2022ལོའི་མཚོ་སྔོན་ཞིང་ཆེན་གྱི“ཞིང་ལས་དངུལ་ཁང་རྟགས་མའི”རོང(འབྲོག)པའི་སྤྲོ་སྐྱིད་ཁང་གི་ཟས་མཆོག་རོལ་མྱོང་དང་ཞིང་ཁྱིམ་གྱི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱ་འགུལ་སྟེང་དུ“ཕུལ་བྱུང་བྱ་དགའ”ཐོབ། སྡེ་བ་གང་བོའི་ཚབ་བྱས་ཏེ་འགྲན་སྡུར་བྱས་པར་མ་ཟད་བྱ་དགའ་ཡང་ཐོབ་པས། བསམ་འཕེལ་རྒྱལ་གྱིས་དེ་ནི་ལ་རྒྱ་ཞིག་ཏུ་བསམ་ཡོད། ཁོས་བྱ་དགའ་དང་བྱ་དགའི་རྟགས་མའི་འདྲ་པར་བརྙན་ཐུང་དུ་བཟོས་ཤིང་དེར་དགའ་སྤྲོའི་རོལ་དབྱངས་ཤིག་བསྡེབས་ནས་གྲོགས་ཚོམས་དང་བརྙན་ཐུང་སྟེགས་བུའི་སྟེང་དུ་བཏང་སྟེ། མཉམ་ལས་ཁང་གིས་བླངས་པའི་གྲུབ་འབྲས་ངོམ།

དཔལ་མཁར་སྡེ་བ་ནི་རྩེ་ཁོག་རྫོང་གི་གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་སྡེ་བ་ཡིན། ན་ནིང་གི་ལོ་མཇུག་ཏུ། རྫོང་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་ཆོག་མཆན་གྱི་དགོངས་པ་ནན་ཏན་གྱིས་དངོས་འབེབས་བྱས་པ་དང་། འཆར་འགོད་ལྟར་སྡེ་བར་ནུས་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་སྐབས་དང་པོའི་ལས་གཞི་མ་དངུལ་སྒོར་ཁྲི600བཀོད་སྒྲིག་བྱས་ཏེ། མཉམ་ལས་ཁང་སྔར་བས་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྱུར་བར་སྟོབས་ཤུགས་བསྣན། གྲོས་མོལ་བྱས་པ་བརྒྱུད། མཉམ་ལས་ཁང་གིས་མ་དངུལ་འདི་ཡིས་རྒྱུད་བཟང་ཕྱུགས་ཟོག800ཙམ་ཉོས།

ད་ལོའི་ཟླ6པའི་ཟླ་སྨད་དུ། མཉམ་ལས་ཁང་གིས་ཕྱུགས་ཟོག་དབྱར་སར་འདེད་པའི་སྐབས་སུ། ཁོ་ཚོས་ད་ལོ་ལུག300དང་ནོར40བཙོང་ཐུབ་པར་འདོད་ཡོད། ད་ལྟ་དམིགས་འབེན་དེ་མངོན་འགྱུར་བྱས་པར་མ་ཟད། ལོ་མཇུག་ཏུ་ཡང་བསྐྱར་ལུག400དང་ནོར60བཙོང་བའི་འཆར་གཞི་བཀོད་ཡོད། སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའམ་མཉམ་ལས་ཁང་གི་ལས་འཛིན་པ་གནམ་ལྷ་རྒྱལ་དོན་དེར་གདེང་ཚོད་ཡོད་པ་སྟེ། “ནོར་ལུག་གི་ཤ་ཤེད་བཟང་བས། མིག་སྔར་བལྟས་ན་སྔོན་དཔག་འདི་མངོན་འགྱུར་བྱེད་ཐུབ་པས། ང་ཚོས་ཡོང་སྒོ་མང་པོ་བླངས་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ལེགས་སྐྱེས་འབུལ་རྒྱུ་ཡིན”ཟེར།

རྩེ་ཁོག་རྫོང་དུ“སྦྲ་དཀར་སྡེ་བའི་བྱེད་སྟངས”ཀྱི་ནུས་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཁྱབ་གདལ་དུ་གཏོང་བ་ནི་ཕྱུགས་ལས་བཅོས་བསྒྱུར་རིམ་སྤར་གྱི་ངེས་པར་བགྲོད་པའི་ལམ་དུ་གྱུར་ཡོད་ལ། རྨང་གཞི་དེའི་སྟེང་ཧོར་གྲོང་རྡལ་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“ཐིག་གཏོར”ལ་ཤུགས་སྣོན་བྱས་ཤིང་ས་བབ་དང་བསྟུན་ནས་ཧོར་སྡེ་བའི་རྡོ་བརྐོས་ཐོན་ལས་དང་སྐྱིད་ལུང་སྡེ་བའི་ཁྲི་ལུག་རྟེན་གཞི། དཔལ་མཁར་སྡེ་བའི“ཧོར་གཡིས”གཡིས་བཙགས་ཁང་སོགས་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་སྐོར་ཞིག་གསོ་སྐྱོང་བྱས།

ལོ་ངོ་འགའ་ལ་འཕེལ་རྒྱས་བྱུང་བ་བརྒྱུད་ནས། དཔལ་མཁར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་གཡིས་བཙགས་ཁང་གིས་ལོ་འགའི་སྔོན་གྱི་ཐབས་ཆག་གི་རྣམ་པ་བསྒྱུར་ཡོད། ར་སྐོར་གྱི་བྱང་ཟུར་དུ་གནས་པའི“ཐོན་རྫས་འགྲེམ་སྟོན་ཁང”གསར་པ་དེའི་ནང་དུ་བསྐྱོད་པ་ན། ཤིང་སྒྲོམ་སྟེང་དུ་གཡིས་སྣོད་ཆེ་བ་དང་གཡིས་སྣོད་ཆུང་བ། ལེགས་སྐྱེས་སྒམ། འབའ་ཆ་སོགས་ཀྱི་ཐུམ་སྤྲས་མཛེས་པའི“ཧོར་གཡིས”ཐོན་རྫས་མང་པོ་མིག་ལམ་དུ་བསྟར་ཡོང་།

“ཧོར་གཡིས”ནི་དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་པར་རྩེ་ཁོག་རྫོང་དང་མཐའ་འཁོར་འབྲོག་ཁུལ་གྱི་མི་ཚང་མས་ཤེས་པའི་བཟའ་སྣུམ་གྱི་ཐོན་རྫས་མིང་ཅན་ཞིག་ཡིན། 2017ལོར། དཔལ་མཁར་སྡེ་བས་བེད་མེད་དུ་བསྐྱུར་ཡོད་པའི་སྡེ་བ་རིམ་པའི་བྱ་འགུལ་ཁང་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་ཀྱི་འཕེལ་རྒྱས་རྟེན་གཞིར་བཅོས་བསྒྱུར་བྱས་པ་དང་། འཕེལ་རྒྱས་ཀྱི་མ་དངུལ་ཧྲག་སྡེབ་བྱས་པ། ཐོན་སྐྱེད་ཀྱི་འགྲོ་ལུགས་སྒྲུབ་པ། ལོག་གར་དང་སྣུམ་བཙགས་འཕྲུལ་ཆས་ཉོས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་གཙོ་བོ་སྟེ་གཡིས་བཙགས་ཁང་ལས་པ་དང་། མེས་པོ་རྣམས་ཀྱི་གསར་གཏོད་བྱས་པའི“ཟོང་རྟགས”ཀྱི་རྐང་རྗེས་དེད་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“ཐིག་གཏོར”དང་སྡེ་མི་རྣམས་ཀྱིས་ཐོན་ལས་བསྒྱུར་བར་ཐབས་ལམ་གསར་པ་ཞིག་བཏོད།

“སྔོན་ཆད་ཀྱི་ཐོན་སྐྱེད་བྱེད་གནས་སུ་ཉིན་རེར་གཡིས་སྤྱི་རྒྱ2500མ་གཏོགས་བཙག་མི་ཐུབ། ད་ལྟ་གཡིས་སྤྱི་རྒྱ5000བཙག་ཐུབ། ད་རུང་འབའ་ཆའི་རིལ་བུའང་ཐོན་སྐྱེད་བྱེད་ཐུབ།”བསམ་འཕེལ་རྒྱལ་གྱིས་དེ་ལྟར་བཤད། 2021ལོར། མཉམ་ལས་ཁང་གིས་འབའ་ཐང་ཕྱུགས་ར་སོགས་མཐའ་འཁོར་ས་ཁུལ་ནས་ས་ཞིང་གླས་ནས་ལོག་གར་བཏབ་པར་ལོག་གར་སྤྱི་རྒྱ་ཁྲི7.5ཐོན་པ་དང་། “ཧོར་གཡིས”སྤྱི་རྒྱ་ཁྲི3.5བཙགས། འབའ་ཆ་སྦྱོར་བཟོ་བྱས་པ་ལས་ཐོན་པའི་འབའ་ཆའི་རིལ་བུ་སྤྱི་རྒྱ6000ཙམ་ཐོན། མཛོད་ཁང་དུ་འཇུག་ཁོམ་མེད་པར་སྡེ་བ་གཞན་གྱི་མཉམ་ལས་ཁང་གིས་ཚང་མ་ཉོས་ནས་སྟོང་བར་ཕུད།

གཡིས་བཙགས་ཁང་ཕྱེ་བའི་ལོ་འདི་དག་གི་རིང་ལ། མཉམ་ལས་ཁང་གིས་སྔ་གཞུག་ཏུ་ཧོར་གྲོང་རྡལ་དང་རྩེ་ཆུ་གྲོང་རྡལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྭ་རྒྱ་གྲོང་རྡལ་བཅས་ནས“ཧོར་གཡིས་ཐད་འཚོང་ཁང”ཕྱེ་བ་དང་། ཁག་ཅིག་མངགས་ཉོ་ཚུལ་གྱིས་ཐོན་སྐྱེད་བྱས་པ་དང་། ལོག་གཡིས་མངགས་ཉོ་གན་རྒྱ་བཞག་སྟེ། ཐོན་ཚད་ཇེ་མཐོར་བཏང་བ་དང་མཉམ་དུ་ཕྱིར་བཙོང་གི་ཐབས་ལམ་རྒྱ་བསྐྱེད་ནས། ཐོན་ལས་ཆུང་གྲས་ཀྱི་གཏིང་ཤུགས་མི་འདང་བའི་སྐྱོན་ཆ་བསལ།

“སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་ན། སྔོན་ཆད་ཀྱི་ཐབས་ལམ་རྙིང་པ་ཁོ་ནར་བརྟེན་ན་མི་ཆོག གསར་སྐྲུན་འཕེལ་རྒྱས་ཀྱི་རིག་ལམ་ཡོད་པ་དང་། བཅོས་བསྒྱུར་དང་ཐོན་སྐྱེད་སྤོ་བསྒྱུར་བྱེད་པ། ཚོང་ཁྲོམ་ཅན་དུ་བསྐྱོད་པ། རྒྱུ་མང་ཅན་གྱི་དཔལ་འབྱོར་གཉེར་བ། ཐོན་སྐྱེད་བྱེད་སྟངས་གསར་པ་ཁོང་དུ་ཆུད་པའི་འབྲོག་པ་གསར་པ་བྱེད་པ་བཅས་བྱས་ན། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ད་གཟོད་སྔར་བས་ལེགས་ཤིང་སྔར་བས་མགྱོགས་པོར་འཕེལ་རྒྱས་སུ་འགྲོ་ཐུབ”ཅེས་ཧོར་གྲོང་རྡལ་གྱི་གྲོང་དཔོན་རྟ་མགྲིན་ཚེ་རིང་གིས་དེ་ལྟར་བཤད་པ་དང་། “ཏང་ནི་མང་ཚོགས་ཀྱི་སེམས་ཁོང་གི་ཉི་མ་ཡིན་ལ། མཐོ་སྒང་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་པར་རེ་ལྟོས་བྱེད་བཞིན་ཡོད་ཅིང་། སྔར་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བར་རེ་ལྟོས་བྱེད་བཞིན་ཡོད། །”