ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བརྩེ་བ་ཆེན་པོས་ཨ་ཆེན་གངས་རྒྱབ་སྲུང་བ།

ཨ་ཆེན་གངས་རྒྱབ་གླེང་ཡོང་དུས། མི་རྣམས་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི“སའི་གོ་ལའི་སྣེ་གསུམ་པ”དང“ཚེ་སྲོག་བཀག་སྡོམ་ས་ཁུལ”ཞེས་པ་དེ་རེད། མི་ཁྱིམ་ཤིན་ཏུ་ཉུང་བའི་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡི་ས་ཆ་འདི་རུ། སྤྱོད་སྟངས་ལེགས་ལ། གསར་གཏོད་བྱེད་ཕོད་པ། དམག་འཁྲུག་དཀའ་མོ་རྒྱག་ཕོད་པ། ཁྲིམས་འགལ་མཁན་གྱིས་རྣ་བས་ཐོས་ན་སྙིང་རྩ་འདར་བའི་གཞུང་ཞབས་པའི་རུ་དཔུང་ཞིག་ཡོད། ཁོ་ཚོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་མགོ་ཁུངས(ཨ་ཆེན་གངས་རྒྱབ)གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ(གཤམ་དུ་“ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ”ཞེས་བསྡུས་ཡོད)ཡི་ལས་སྒྲུབ་མི་སྣ་ཡོངས་རེད།

ད་ལོའི་ཟླ8པར་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་ཐུན་མོང”ཞེས་པའི་དམིགས་བསལ་གཟི་བརྗིད་མཚན་སྙན་གནང་རྗེས། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི“གྲུབ་འབྲས་ཤོག་བྱང”ཁ་ཕྱེ་བ་ན། མིག་ལ་འཚེར་བའི་ཡིག་འབྲུ་ལེགས་པར་མཐོང་ཐུབ།

རུ་དཔུང་འདིས་ལོ་ངོ25རིང་གི་དུས་ཚོད་དེ་ཉིན་གཅིག་གི་དུས་ཚོད་ནང་བཞིན་རླུང་ནང་དུ་ཁ་ཟས་ཟོས་ཤིང་མི་མེད་ས་སྟོང་དུ་ཞག་སྡོད་བྱས་ཏེ། འཁྱགས་དར་ལ་འཛེགས་ཤིང་གངས་ནང་ཉལ་བ། ལུས་སྟོབས་ཚད་བརྒལ་གྱིས་ལྟ་སྲུང་ནན་མོ་བྱས་པའི་དྲིན་ལ། ཨ་ཆེན་གངས་རྒྱབ་ལ་བསྟུད་མར་ལོ་ངོ12རིང་དུ་རི་དྭགས་ལྐོག་རྔོན་གྱི་བོའུ་སྐད་ཐོས་མ་མྱོང་ལ། ས་ཁོངས་ནང་ཁུལ་དང་ཉེ་འགྲམ་ས་ཁུལ་གྱི་གཙོད་ཁྱུའི་གྲངས་ཀ་ཁྲི7ལྷག་ལ་སླེབས་ཟིན་པས། མི་མེད་ས་སྟོང་འདི་ནི་མིང་དོན་མཚུངས་པའི“སྲོག་ཆགས་ཀྱི་རྒྱལ་ཁབ”ཅིག་ཏུ་གྱུར་ཡོད།

འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་པའི“མདུན་སྲུང་སོ་བ།”

དེ་ནི2016ལོའི་ཉིན་ཞིག་ཡིན་ལ། གཙོ་ཤུགས་རི་སྐོར་གྱི་རུ་མི6གིས་རི་མགོའི་སྐོར་སྐྱོད་ལས་འགན་འགྲུབ་སྟེ་ཕྱིར་ལོག་སྐབས་མི་མེད་ས་སྟོང་དུ་ལུས་པའི་བརྡ་འཕྲིན་འབྱོར་རྗེས། དོ་དམ་ཁྲུའུ་ཡིས་ཏང་ཡོན་གཙོ་བོ་ཡིན་པའི་རོགས་སྐྱོབ་ཚོ་ཆུང་ཁག་གསུམ་མྱུར་དུ་མངགས་ཏེ་ཨ་ཆེན་གངས་རྒྱབ་ཏུ་ནམ་རྒྱུན་དང་མི་མཚུངས་པའི་དཀའ་ཚེགས་ཤིན་ཏུ་ཆེ་བའི་རོགས་སྐྱོབ་བྱ་བ་བསྒྲུབས།

འདི་ནི་ཨ་ཆེན་གངས་རྒྱབ་ཡིན་པའི་སྟབས་ཀྱིས་ཚང་མས་དུས་དང་རྣམ་པ་ཀུན་ཏུ་ན་འདམ་དང་། འདམ་རྫབ། ཆུ་ཆེན་གྱིས་ལམ་གཅོད་པ་སོགས་ཀྱི་གདུག་རྩུབ་ཆེ་བའི་ཁོར་ཡུག་གདོང་གིས་བསུ་དགོས་ཤིང་། གཞན་ཡང་བསྟུད་མར་འབབ་ཞོད་ཆེ་བ་དང་ཁངས་ཆེན་འབབ་པའི་གནམ་གཤིས་སྡུག་པོ་དང་ཟས་རིགས་མཁོ་འདོན་ལ་བར་ཆད་ཤིན་ཏུ་ཆེ་བའི་དངོས་ཡོད་དཀའ་ཚེགས་ལའང་གདོང་གཏོད་དགོས། ཡིན་ནའང་། དཀའ་ཚེགས་ཤིན་ཏུ་ཆེ་བའི་ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ། རུ་མི25ཡིས་རླངས་འཁོར་འདམ་ལ་ཟུག་པ་དང་། རླངས་འཁོར་འདམ་ལས་ལེན་པ། རླངས་འཁོར་ཞིག་གསོ་སོགས་ཀྱིས་གཙེས་པའི་ལུས་སྟོབས་ཟད་པ་དང་མཐོ་སྒང་གི་ཚུར་སྣང་ཚབས་ཆེན་བཅས་ཁྱད་དུ་བསད་པར་མ་ཟད། རོགས་སྐྱོབ་ལས་འགན་བདེ་བླག་ངང་གྲུབ་སྟེ། ཚང་མ་བདེ་འཇགས་ངང་སྡོད་སར་ལོག

ཉིན12པོ་འདིའི་རིང་ལ། ཁོ་ཚོས་སྒང་གཤོང་མི་སྙོམས་པའི་ལམ་དང་ཐང་སྟོང་གི་འཇིགས་སྐྲག་ཅི་འདྲ་ཞིག་བརྒྱུད་ཡོད་པ་མི་རྣམས་ཀྱི་བློ་ཡུལ་དུ་ཤོང་དཀའ་རུང་། ཁོ་ཚོས་སྔར་བཞིན་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཡོངས་སུ་འགྲུབ་པར་བྱས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འབྱུང་ཡུལ་ས་ཁོངས་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་ཁག་ཐེག་བྱེད་ཆེད། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་ལོ་རེར་ཐེངས12ལས་མི་ཉུང་བའི་གཞི་ཁྱོན་ཆེ་བའི་རི་སྐོར་ལས་འགན་འགྲུབ་དགོས་པ་དང་། སྲུང་སྐྱོབ་ས་ཚིགས་སོ་སོས་ལམ་ཐིག་སྐོར་སྲུང་ཐེངས400ལྷག་འགྲུབ་དགོས་ལ། ཁྲིམས་ལྟར་ཨ་ཆེན་གངས་རྒྱབ་ཀྱི་གཙོད་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་དེའི་འཚོ་གནས་བྱེད་ཡུལ་ལ་སྲུང་སྐྱོབ་བྱས་ཤིང་། ཨ་ཆེན་གངས་རྒྱབ་ཀྱི་མཐོ་ཞིང་གྲང་ལ་ས་སྟོང་ཡིན་པའི་སྐྱེ་ཁམས་མ་ལག་དང་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱས།

གཙོད་ཀྱི་སྐྱེ་འཕེལ་དང་འཚོ་གནས་ཀྱི“ལྟ་སྲུང་པ།”

གཙོད་ནི་མཚོ་བོད་མཐོ་སྒང་གི་དམིགས་བསལ་སྲོག་ཆགས་ཤིག་ཡིན། རང་རྒྱལ་གྱི་མཐོ་སྒང་རི་སྐྱེས་སྲོག་ཆགས་ཀྱི་འཐུས་ཚབ་པ་ཡིན་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཁྲོད་ལ་ཚུད་ཡོད། དུས་རབས20པའི་ལོ་རབས80པའི་ནང་ལ། དཔལ་འབྱོར་གྱི་ཁེ་ཕན་ཆེན་པོའི་སྒུལ་ཤུགས་འོག གཙོད་ལ་ཧ་ལས་པའི་དམར་གསོད་ཐེབས་པས་གཙོད་ཁྱུའི་གྲངས་ཀ་གློ་བུར་དུ་མར་ཆག

གཙོད་ཁྱུའི་གྲངས་འབོར་སླར་གསོ་བྱ་ཆེད་དང་། ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་ཆེད། ཏང་དང་སྲིད་གཞུང་གིས་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་དེ། གཙོད་ཀྱི་ཁྱབ་ཁུལ་དུ་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་ཡོད་ལ། གཙོད་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལ་དངོས་གནས་ཤུགས་བརྒྱབ་ཡོད། 1996ལོར། ཨ་ཆེན་གངས་རྒྱབ་དེ་ཞིང་ཆེན་རིམ་པའི་སྲུང་སྐྱོབ་ས་ཁུལ་དུ་བདམས་པ་དང་། 1997ལོར་སྲུང་སྐྱོབ་ལས་ཁུངས་བཙུགས་ཤིང་། ལོ་དེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་འཕར་བ་རེད། དེ་ནས་བཟུང་། གཙོད་སྲུང་སྐྱོབ་ཀྱི་ལས་འགན་ལྕི་མོ་དེ་མི་རབས་ནས་མི་རབས་ཀྱི་ཨ་ཆེན་གངས་རྒྱབ་པའི་ཕྲག་ཏུ་བབས་ཡོད།

གཙོད་ཅེས་པའི་ཨ་ཆེན་གངས་རྒྱབ་ཀྱི་སྲོག་ཆགས་དཀོན་པོ་འདི་ལ་སྲུང་སྐྱོབ་བྱ་ཆེད། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ལོ་རེའི་ཟླ5པ་ནས་ཟླ8པར་ཆེས་ལྕི་བའི་ལས་འགན་ནི། གཙོད་ཀྱི་གནས་སྤོར་དང་ཕྱིར་ལོག་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དེ་རེད། དེའི་སྟབས་ཀྱིས། ཟླ5པའི་རྗེས་ནས། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་ས་ཚིགས་སོ་སོས་སྐོར་སྲུང་མི་སྣ་དང་རླངས་འཁོར་ཇེ་མང་དུ་གཏོང་བར་བཀོད་སྒྲིག་བྱེད་བཞིན་ཡོད་ལ། དེར་མ་ཟད་སྨུག་པ་ལ་སྒང་གི་སྲུང་སྐྱོབ་ས་ཚིགས་གཙོ་བོ་དང་། ས་ཚིགས་གཞན་དག་ཕལ་བའི་ཚུལ་གྱིས་གྲངས་འབོར་མང་བའི་གཙོད་བར་མཚམས་མེད་པར་ཁོངས་གཏོགས་ས་ཁུལ་བརྒལ་སྐབས། ཁོངས་གཏོགས་ས་ཁུལ་དུ་སྐོར་སྲུང་བྱ་བ་སྤེལ་བར་རྒྱུན་འཁྱོངས་བྱེད་པ། གནས་སྐབས་ཀྱི་འགྲིམ་འགྲུལ་བཀག་སྡོམ་གྱི་བྱ་བ་དུས་ཐོག་ཏུ་བསྒྲུབས་ཏེ། གཙོད་བདེ་འཇགས་ངང་གཞུང་ལམ་བརྒལ་དུ་འཇུག་པ་དང་། གཙོད་གནས་སྤོར་གྱི་ལམ་དུ་མིའི་རིགས་ཀྱིས་གནོད་འཚེ་མི་བཟོ་བའམ་ཡང་ན་གནོད་འཚེ་ཉུང་ཐེབས་ལ་ཁག་ཐེག་བྱེད་བཞིན་ཡོད།

མིག་སྔའི་བར། ཨ་ཆེན་གངས་རྒྱབ་ཏུ་གཙོད་གཙོ་བོ་ཡིན་པའི་རོགས་སྐྱོབ་ཐོབ་པའི་རི་སྐྱེས་སྲོག་ཆགས་བསྡོམས་པས600ལྷག་ཡོད་ལ། རང་བྱུང་ཁམས་ཆེན་མོར་བཏང་བའི་གཙོད50ལྷག་ཡོད།

ཨ་ཆེན་གངས་རྒྱབ་ཀྱི་བརྟན་སྲུང་སྙིང་སྟོབས་ལག་ལེན་བྱེད་མཁན།

གཙོད་ནི2008ལོའི་པེ་ཅིན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གཡང་རྟེན་དུ་འགྱུར་བའི་རེ་ཞུ་ལེགས་འགྲུབ་བྱུང་བ་ནས། འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་རེ་ཞུ་འགྲུབ་པ། ཡོངས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་དབྱེ་བགོ་བྱས་པ་བཅས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ལམ་ཁར། ཨ་ཆེན་གངས་རྒྱབ་ཀྱིས་གོམ་པ་བརྟན་པོ་རེ་རེ་བཞིན་སྤོས་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དང་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ། མཚོ་སྔོན་ཞིང་ཆེན་དང་ཐ་ན་ཀྲུང་གོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཟོང་རྟགས་གྲགས་ཅན་ཞིག་ཏུ་གྱུར།

ལོ་ངོ་ཉི་ཤུ་རྩ་གྲངས་ཤིག་གི་སྤྱིར་བཏང་མིན་པའི་ལོ་ཟླའི་ཁྲོད། རི་སྐོར་པ་གྲངས་མེད་ཅིག་གིས་དཀའ་ལས་བརྒྱབ་སྟེ། ཡང་དང་ཡང་དུ་མི་མེད་ས་སྟོང་དུ་ཁྲིམས་འགལ་རྔོན་རྒྱག་མཁན་ལ་རྡུང་རྡེག་བྱས་པས། གཙོད་སྲུང་སྐྱོབ་བྱེད་པའི་དཀའ་སྡུག་གི་བཞུད་ལམ་དེ། མཇུག་མཐར“ལས་དོན་ལ་བློ་དཀར་བ། གཞན་གཅེས་འབུལ་སེམས། བློས་གཏོང་ཕོད་པ། ཚེ་གང་བརྟན་སྲུང”བཅས་ནི་ཨ་ཆེན་གངས་རྒྱབ་བརྟན་སྲུང་སྙིང་སྟོབས་སུ་གྲུབ་ཅིང་བླ་ནས་བླ་རུ་འཕགས། མི་རབས་རེ་རེའི་བརྒྱུད་སྤྲོད་དང་དར་རྒྱས་བཏང་བ་དེ་ཡང་། སྙིང་སྟོབས་འདི་དང་མཉམ་ཤུགས་འདི་ཡིན་ལ། རི་སྐོར་རུ་མི་རེ་རེས་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་ཡིད་ཆེས་ལ་སྐུལ་འདེད་བཏང་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཆེས་མཛེས་སྡུག་གི་ལང་ཚོ་ཕུལ་ཡོད།

ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཏང་ཨུ་ཧྲུའུ་ཅིའམ་ཀྲུའུ་རེན་བུ་ཕྲུག་གིས་ལོ་ན་གཞོན་པའི་རི་སྐོར་པ་གཞན་དག་དང་འདྲ་བར་ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ས་སྟོང་དུ་ལོ་ངོ་བཅུ་ཁ་ཞིག་ལ་བྱ་བ་བསྒྲུབས་མྱོང་བ་དང་། ད་ལྟ་ཁོ་རང་གིས་སྔར་བཞིན་ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་སེམས་ཤུགས་ཡོད་རྒུ་འབུལ་བཞིན་ཡོད། ལོ་རེར་གཙོད་ཕྲུག་བཙའ་བ་དང་ཕྱིར་ལོག་པ་སོགས་ཀྱི་སྲུང་སྐྱོབ་བྱ་བར་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། གཙོད་འབོར་ཆེན་གནས་སྤོ་བྱེད་པའི་ལམ་བར་དུ་མིའི་རིགས་ཀྱི་གནོད་འཚེ་མི་བཟོ་བར་ཁག་ཐེག་ནན་མོ་བྱེད་བཞིན་ཡོད།

གསོན་ཉམས་ལྡན་པའི་དཔེ་མཚོན་རེ་རེ་དང་། མི་སེམས་འགུལ་བའི་དུས་ཡུན་རེ་རེ། མི་རབས་ནས་མི་རབས་ཀྱི་རུ་སྐོར་པ་རེ་རེའི་རྒྱུན་ཆད་མེད་པའི་མཐུད་སྐྱོང་བཅས་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་བརྟན་སྲུང་སྙིང་སྟོབས་ལ་ནམ་ཡང་འོད་ཟེར་འཕྲོ་བཞིན་ཡོད་ལ། སྔར་ལས་མང་བའི་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་པས་འབད་འབུངས་ཧུར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པར་སྐུལ་ལྕག་གཏོང་བཞིན་ཡོད། །