ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྤྱིར་བཏང་མ་ཡིན་པའི་ལོ་ངོ་བཅུ་ཡི་ནང་མཚོ་སྔོན་གྱིས་དུས་རབས་ལ་ངོ་གནོང་མི་དགོས་པའི་རྒྱུགས་ལན་སྤྲད་པ།

——ཀྲུང་དབྱང་སྨྱན་བྱད་ཀྱིས་མཚོ་སྔོན་གྱི་ལོ་ངོ་བཅུའི་འཕེལ་རྒྱས་གྲུབ་འབྲས་མངོན་པར་མཚོན་པ།

བསྟུད་མར་ཉིན་འགའི་རིང་ལ། 《མི་དམངས་ཉིན་རེའི་ཚགས་པར》དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་། 《འོད་ཟེར་ཉིན་རེའི་ཚགས་པར》དང《དཔལ་འབྱོར་ཉིན་རེའི་ཚགས་པར》སོགས་ཀྲུང་དབྱང་སྨྱན་བྱད་ཀྱིས་པར་ངོས་གལ་ཆེན་དང་དུས་མཚམས་གལ་ཆེན། ལེ་ཚན་གལ་ཆེན་བཅས་ཀྱི་ནང་དུ་སྤྱིར་བཏང་མ་ཡིན་པའི་ལོ་ངོ་བཅུའི་རིང་ལ་རང་ཞིང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པའི་བརྒྱུད་རིམ་འགོད་སྤེལ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་ཞིང་གི་གོང་འོག་ཀུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་ཡིད་ལ་དམ་པོར་བཅངས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། དམངས་འཚོའི་བདེ་སྐྱིད་སོགས་བྱ་གཞག་སོ་སོའི་ཁྲོད་ནས་བླངས་པའི་ཕན་འབྲས་མངོན་གསལ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་པའི་གསོན་ཉམས་ལྡན་པའི་ལག་ལེན་དག་ཟུར་མང་པོ་དང་ཡུལ་ལྗོངས་ཧྲིལ་པོའི་རྣམ་པ་ཡིས་མངོན་པར་མཚོན།

《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཏིང་ཟབ་ཀྱིས་སྐུལ་སྤེལ་བྱེད་པ》དང《སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བ》ཞེས་པ་སོགས། 《མི་དམངས་ཉིན་རེའི་ཚགས་པར》གྱིས་པར་ངོས་དང་པོའི་འདྲེན་བྱང་དང་པར་ངོས་ཧྲིལ་པོ་གཉིས་ཀྱི་ངོས་སུ་མཚོ་སྔོན་གྱི་གནས་ཚུལ་གཏིང་ཟབ་ཏུ་བཀོད་པ་དང་། པར་ཡིག་གཉིས་ལྡན་དང་གནད་ཁྱོན་ཟུང་འབྲེལ་གྱི་རྣམ་པས། མཚོ་སྔོན་ཞིང་ཆེན་གྱི་མཛེས་སྡུག་དང་འབྱོར་ཕྱུག འཆམ་མཐུན་བཅས་ཀྱི་ཚོན་མདངས་བཀྲ་བའི་འཕེལ་རྒྱས་ལྗོངས་རིས་ལེགས་པར་བཀོད་ལ། ཞིན་ཧྭ་གསར་འགྱུར་ཁང་གིས《མཚོ་སྔོན་ཞེས་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་པོར་བཟོ་བ》ཞེས་པའི་ཡོངས་སྒྲོག་གློག་འཕྲིན་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱིས“སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པ”ཡི་འདུ་ཤེས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་སྤེལ་བྱེད་པ་དང་། དམངས་འཚོ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བ་དང་སྐྱེ་ཁམས་ཀྱི་སྤུས་ཀ་མཐོ་བ་གཉིས་ཕན་ཚུན་མཐུན་སྦྱོར་དང་གཅིག་གྱུར་ཡོང་བ་ཧུར་ཐག་གིས་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་མངོན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་བརྙན་འཕྲིན་གྱི་འཕྲིན་ལམ་དང་པོའི《གསར་འགྱུར་མཉམ་སྒྲོག》ལེ་ཚན་ནང《སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་སྔོན་ལེའུ་རྩོམ》ཞེས་པ་བཏང་ཞིང་། ཀྲུང་དབྱང་བརྙན་འཕྲིན་གྱི་འཕྲིན་ལམ13པས་མཚོ་སྔོན་གྱི་བརྗོད་དོན་དྲིལ་སྒྲོག་གློག་བརྙན་བཏང་ལ། པར་མིག་མཚོ་སྔོན་ལ་གཏད་དེ། ངོ་མཚར་བའི་བརྙན་རིས་དང་ཞིབ་དག་ཡིན་པའི་གཞི་གྲངས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་ཐད་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པར་མཚོན། 《འོད་ཟེར་ཉིན་རེའི་ཚགས་པར》དང《དཔལ་འབྱོར་ཉིན་རེའི་ཚགས་པར》གྱིས་པར་ངོས་ཧྲིལ་པོ་སྤྱད་དེ། གནས་ཚུལ་གཏིང་ཟབ་ཀྱི་སྒྲོག་སྤེལ་དང་གསར་འགྱུར་སྒྲོག་སྤེལ་གཉིས་ཟུང་འབྲེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་སྤྱིར་བཏང་མ་ཡིན་པའི་ལོ་ངོ་བཅུའི་ནང་བླངས་པའི་ཕུལ་བྱུང་གྲུབ་འབྲས་མཚམས་སྦྱོར་བྱས།

ཆུ་དམར་ལེབ་རྫོང་འབའ་དགོན་ཞང་བདེ་ཆུ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་མགོན་དཀར་གྱིས《གསར་འགྱུར་མཉམ་སྒྲོག》ལས་མཚོ་སྔོན་གྱི་སྐྱེ་ཁམས་ཉིན་བཞིན་བཟང་ཕྱོགས་སུ་འཕེལ་བའི་བརྙན་རིས་ལ་ལྟ་ཞོར་སེམས་འགུལ་ཐེབས་པའི་སྒོ་ནས“མཛེས་སྡུག་ལྡན་པའི་བརྙན་གཟུགས་འདི་དག་གི་རྒྱབ་རོལ་ཏུ་རང་གིས་ཀྱང་སྟོབས་ཤུགས་ཕུལ་ཡོད་པ་བསམས་ན་གཟི་བརྗིད་ཀྱིས་བརྟས་ཡོང་། ངའི་ཕ་ཡུལ་དུ། སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་རྒྱུ་ནི་ཐུན་མོང་གི་ངོས་ཟིན་ཞིག་ཏུ་གྱུར་ཡོད་ལ། དུས་ཡུན་རིང་པོར་བདག་སྐྱོང་པའི་ལས་ཀ་གཉེར་བ་འདིས་ང་ལ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ངོས་ཟིན་གསར་པ་ཞིག་སྐྱེས་སུ་བཅུག་ཅིང་། རང་ཉིད་ཀྱི་མ་འོངས་པར་ཡང་དམིགས་འབེན་གསར་པ་ཞིག་བསྩལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་པས། ངས་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་སྐྱེ་ཁམས་བདག་སྐྱོང་པའི་འགན་འཁྲི་འདི་འཁུར་དུ་བླངས་ནས། རྒྱ་ཆེ་བའི་མཛེས་སྡུག་གི་ཡུལ་གྲུ་འདིར་བདག་སྐྱོང་ལེགས་པོ་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན”ཟེར།“ལོ་འདི་འགར་ང་ཚོས་འབད་བརྩོན་བྱས་པའི་གྲུབ་འབྲས་རྣམས་ཀྲུང་དབྱང་སྨྱན་བྱད་ཀྱི་སྨྱུག་རྩེ་དང་པར་མིག་བརྒྱུད་དེ་མི་སྔར་ལས་མང་པོར་རྒྱུས་ལོན་བྱེད་དུ་བཅུག་པ་མཐོང་ན། སེམས་ལ་གཟི་བརྗིད་ཀྱིས་ཁེངས་ཡོང་།”ཞེས་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་དྲིལ་སྒྲོག་གསོ་སྦྱོང་ལྟེ་གནས་ཀྱི་ལས་སྒོ་གཙོ་གཉེར་བ་ཀྲང་ཕེང་གིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་ཚྭ་མཚོ་ཐོན་ཁུངས་གསར་སྤེལ་བེད་སྤྱོད་རིམ་བཞིན་རགས་ལས་ནས་ཞིབ་ལས་ལ་བསྒྱུར་བ་དང་། སྣ་གཅིག་ཅན་ནས་ཕྱོགས་བསྡུས་ཅན་དུ་བསྒྱུར་ལ། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཁོར་རྒྱུག་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་བྱས་པས། འཛམ་གླིང་རིམ་པའི་ལྗང་མདོག་ཚྭ་མཚོ་རྫས་འགྱུར་བཟོ་ལས་རྟེན་གཞི་ཞིག་དར་རྒྱས་བྱུང་ཡོད། མ་འོངས་པར་ང་ཚོས་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། མཚོ་སྔོན་ཚྭ་མཚོ་ཐོན་ལས་རིགས་བསྒྱུར་རིམ་སྤར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་སྔ་མོར་བསྐྲུན་རྒྱུ་ཡིན།”

ཀྲུང་དབྱང་སྨྱན་བྱད་ཀྱི་མཐོང་སྣེ་བརྒྱུད་ནས་ང་ཚོའི་སེམས་པ་རྦ་རླབས་ལྟར་ལང་ལོང་འཕྱུར། འདས་མ་ཐག་པའི་སྤྱིར་བཏང་མ་ཡིན་པའི་ལོ་ངོ་བཅུ་ལ་ཕྱི་མིག་བལྟས་ན། ཏང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱས་ལ། མཚོ་སྔོན་གྱིས་ཀྱང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་རྒྱུགས་ལན་སྤྲད། མ་འོངས་པའི་འཐབ་ལམ་ལ་རྒྱང་ལྟ་བྱེད་བཞིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བའི་ཐད་ང་ཚོར་སྤྲོ་སེམས་ཆེན་པོ་ཡོད། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ།དུས་རབས་གསར་པའི་འཐབ་ལམ་གསར་པའི་སྟེང་། ང་ཚོས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་རྒྱུ། །