ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མགོན་ཀྱཱ་སྡེ་བར་བདེ་སྐྱིད་ཀྱི་མེ་ཏོག་བཞད།(1)

གསར་འགོད་པ། ཚེ་རིང་རྡོ་རྗེ།

ཞོགས་པའི་ཉི་འོད་མགོན་ཀྱཱ་སྡེ་བར་ཤར་བ་ན་རྣམ་པར་བཞད་པའི་སིལ་སྡོང་མེ་ཏོག་གི་དྲི་ཞིམ་དང་། བྱེའུ་མང་པོའི་སྐད་སྙན་ལས་ཡུལ་ལྗོངས་ཁྱད་པར་བ་ཞིག་ཏུ་སླེབས་པ་དང་། གྱ་གྱུར་གནས་པའི་ཞིང་སྡེའི་གཞུང་ལམ་དང་གྱང་ངོས་སུ་དཀར་རྩི་བྱུགས་པའི་ཞིང་པའི་ཁྱིམ་ཚང་དག་གིས་མི་སེམས་ལ་སྨྲ་མི་ཤེས་པའི་བདེ་སྣང་ཞིག་ཀུན་ནས་སྦྱིན་ཡོང་།

སུས་ཀྱང་ཡིད་ལའང་ཤར་མ་མྱོང་བ་ནི། དེང་སྐབས་མཛེས་ཤིང་ལྟ་ན་སྡུག་པའི་མཐོ་སྒང་གི་ཆེས་མཛེས་པའི་ཞིང་སྡེ་སྟེ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མགོན་ཀྱཱ་སྡེ་བ་ནི།འདས་ཟིན་པའི་ལོ་འགའི་སྔོན་ལ་སྡེ་བའི་སྲང་ལམ་ཀུན་ཏུ་རྡོ་བ་མང་པོ་སྤུངས་ནས་ཕར་འགྲོ་ཚུར་འོང་ལ་སྟབས་མི་བདེ་བའི་ཁར། ཐོན་ལས་རྨང་གཞི་ཞན་པས་མི་སེམས་མཐུན་པོ་མེད་པ་དང་། འཚོ་བར་དཀའ་ཁག་ཆེ་བས་སྡེ་བའི་ས་ཆུས་ཡུལ་དེ་གའི་མི་རྣམས་ཀྱི་ཁ་རྒྱབ་གསོ་དཀའ་བའི་ཚད་དུ་སླེབས་ནས། དཔལ་འབྱོར་གྱི་ཡོང་ཁུངས་མེད་པའི་དབུལ་ཕོངས་སྡེ་བར་གྱུར་ཡོད།

ལོ་འགའི་ཚུན་ལ། ཁྲི་ཀ་རྫོང་དཀར་བརྗིད་ཞང་མགོན་ཀྱཱ་སྡེ་བས། རྫོང་དང་ཞང་ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གལ་ཆེན་གོ་སྐབས་སུ་བརྩིས་ཏེ། སྡེ་བའི་མགོ་ཁྲིད་སྒྲིག་འཛུགས་ལ་ཤུགས་སྣོན་དང་། དཔུང་སྡེ་ཇེ་ལེགས་སུ་གཏོང་བ། གོམས་སྲོལ་བསྒྱུར་བ། ཐོན་ལས་དར་སྤེལ་གཏོང་བ་སོགས་དོན་དངོས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤེལ་ནས། མི་འདང་ས་ཁ་གསབ་དང་ཞན་པ་སླར་གསོ། ལེགས་སྒྱུར་དམ་འཛིན་དང་རིམ་སྤར་ལ་སྐུལ་འདེད་བྱས་མཐར་སྡེ་བའི་ཕྱོགས་གང་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

སྡེ་བ་འཕེལ་རྒྱས་འགྲོ་མིན་དེ་སྡེ་དཔོན་ལ་རག་ལས་ཡོད།

མགོན་ཀྱཱ་སྡེ་བ་ནི་ཁྲི་ཀ་རྫོང་གི་ཤར་བྱང་རྒྱུད་དུ་གནས་ཤིང་། མཚོ་ངོས་ལས་མཐོ་ཚད་ལ་སྨི2960ཡོད་ལ། བོད་རིགས་དང་རྒྱ་རིགས་མཉམ་དུ་འདུས་སྡོད་བྱེད་པའི་ཞིང་ཕྱུགས་གཙོ་གཉེར་གྱི་སྲིད་འཛིན་སྡེ་བ་ཞིག་ཡིན།དུས་ཡུན་རིང་པོའི་ཚུན་དུ་ཏང་ཀྲི་པུའུ་ཡི་སྒྲིག་འཛུགས་དེ་འདྲའི་འཐུས་ཚང་མིན་པས་དཔལ་འབྱོར་འཕེལ་རྒྱས་རྗེས་སུ་ལུས་པ་དང་། སྲིད་ཇུས་དངོས་འབེབས་ཡང་དག་མིན་པ། སྡེ་བའི་ནང་གི་འགལ་ཟླ་དང་རྩོད་གླེང་འབུར་ཐོན་ཡིན་པ། བསམ་བློ་རྗེས་ལུས་ཡིན་པ་སོགས་གནད་དོན་གྱིས་སྡེ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་རེད།

ཞང་ཏང་ཨུས2017ལོ་ནས་བཟུང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་འདེམས་བསྐོའི་གོ་སྐབས་དམ་འཛིན་བྱས་ཏེ། གཟབ་ནན་གྱིས་བྱ་བ་སྒྲུབ་པར་བརྩོན་སེམས་ལྡན་པ་དང་། མང་ཚོགས་ཀྱིས་ཁས་ལེན་པ། བྱ་བ་སྒྲུབ་པར་ནུས་པ་ལྡན་པའི་སྐབས་གསར་པའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་བསྐོ་བཞག་བྱས་པ་རེད།

2021ལོར་བསླབ་གཉེར་བརྒྱུད་རིམ་མཐོ་བ་དང་ལོ་ན་གཞོན་པའི་ལས་བྱེད་པ“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་ནང་སྡུད་ལེན་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས“ལེགས་སྒྱུར་གསུམ་དང་། སྟོབས་ལྡན་གསུམ། ཉམས་སད་ཐེག་པ་གསུམ”གྱི་དམིགས་འབེན་མངོན་འགྱུར་བྱུང་དུ་བཅུག་ནས།སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་མཐུན་སྒྲིལ་དངོས་གཉེར་གྱི་དར་སྲོལ་རིམ་བཞིན་ཆགས་པ་དང་། ལས་སྒྲུབ་ལས་གཏོད་ཀྱི་མཐོང་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཕྱོགས་བསྡུས་སྤུས་ཚད་ནུས་ལྡན་སྒོས་མཐོ་རུ་ཕྱིན་པ་བཅས་ཀྱིས་མགོ་ཁྲིད་ཚན་ཁག་གི་བརྩོན་སེམས་ཇེ་བཟང་དུ་ཕྱིན་པ་རེད།

“དེང་སྐབས་ང་ཚོ་སྡེ་བའི་ལས་བྱེད་པར་རིག་གནས་ཡོད་པར་མ་ཟད། ལས་སྒྲུབ་ཀྱི་ནུས་པ་ལྡན་པས་བློ་གཅིག་སེམས་གཅིག་གིས་ང་ཚོའི་ཡོང་འབབ་མཐོ་ཞིང་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་དེ་ཚང་མར་ཕན་དངོས་ཐོབ་ཡོད། ཁོ་ཚོར་ནམ་ཡང་བརྩི་བཀུར་དང་རྒྱབ་སྐྱོར་ཡོད།”

ཏང་ཡོན་རྒན་པ་ཧན་གོ་མེན་གྱིས་མཐེ་བོང་སྟོན་བཞིན་མུ་མཐུད་དུ་བཤད་རྒྱུར། “ལོ་འགའི་སྔོན་ལ། སྡེ་བའི་ནང་གི་ལས་བྱེད་པ་འདེམས་བསྐོ་བྱེད་པ་དེ་མགོ་བོ་ན་བའི་རྒྱུ་ཞིག་ཏུ་གྱུར་ཡོད། ད་བར་འདེམས་བསྐོ་བྱས་པ་དྲང་བདེན་ཡིན་ལ། མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཏང་གཤིས་བཟང་ཞིང་། རིག་གནས་ཡོད་པ། བྱ་བ་སྒྲུབ་པར་ནུས་པ་ལྡན་པ་བཅས་ཀྱིས་སྡེ་བའི་ཐོན་ལས་འཕེལ་རྒྱས་སོང་བར་མ་ཟད།ཁྱིམ་ཚང་སོ་སོར་ཁེ་སྤོག་བགོ་བཤའ་བྱེད་རྒྱུ་ཡོད་པས་ཚང་མས་ཁོ་ཚོར་བསྟོད་པ་བྱེད་བཞིན་ཡོད།”

སྡེ་བའི་དར་སྲོལ་བཟང་བས་རི་ཀླུང་ཀུན་ལ་དཔལ་ཡོན་ཤར།

ནུས་མེད་ཉམས་ཞན་གྱི་ཏང་རྩ་འཛུགས་དག་ཐེར་བྱེད་པར་ཡན་ལག་བཅོ་དགོས་ལ་དེ་བས་ཀྱང་རྩ་བ་བཅོས་སྐྱོང་བྱེད་དགོས། མགོན་ཀྱཱ་སྡེ་བས་མགོ་ཁྲིད་ཚན་ཁག་འཛུགས་པ་དང་། དཔུང་ཁག་སྟོབས་ཆེར་གཏོང་བ། སྲོལ་གསར་གཏོད་པ་བཅས་གནད་སར་བཟུང་སྟེ།“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་འཆང་བའི”བརྗོད་དོན་སློབ་གསོ་དང་། “ཚོགས་གསུམ་འཚོགས་ནས་ཏང་གི་སློབ་ཁྲིད་བཟང་པོ་བྱེད་པ”“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”“ཚོགས་འདུ་བཞི་དང་ཡོང་བསྒྲགས་གཉིས”སོགས་ཀྱི་ལམ་ལུགས་ཚད་ལྡན་དུ་བཏང་ནས། ཚད་གཞི་མཐོ་བའི་སྒོ་ནས“ཏང་ཡོན་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་བཟང་དུ་གཏོང་བ”སོགས་ཀྱི་བྱ་འགུལ་སྤེལ་ནས། ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་བྱེད་ནུས་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་ཁྱོན་ཡོངས་ནས་ཇེ་བཟང་དུ་སོང་ཡོད།

དུས་མཚུངས་སུ། “གནད་འགག་ཉུང་ཤས”ཀྱིས“མང་ཆེ་བར”སྐུལ་ཁྲིད་བྱས་པ་བརྒྱུད། རྫོང་ཁག་གཞན་པའི་སྔོན་ཐོན་བྱེད་ཐབས་སློབ་སྦྱོང་བྱེད་དུ་ཕྱིན་པ་དང་།གནས་ཚུལ་དངོས་ལ་གཞིགས་ནས་སྡེ་བའི《སྡེ་སྲོལ་དམངས་ཆིངས》

འཐུས་ཚང་དུ་བཏང་ནས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་དང་། “ཨ་ནེ་བཟང་མོ་དང་མནའ་མ་བཟང་མོ”“ཆེས་མཛེས་པའི་ཁྱིམ་ཚང”སོགས་དཔྱད་འདེམས་དཔྱད་བསྡུར་དང་རིག་གནས་བྱ་འགུལ་སྤེལ་ནས། གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། སྲོལ་ངན་སྲོལ་རྙིང་མེད་པར་གཏོང་བ་བཅས་ཀྱིས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་དང་། སྡེ་བ་ཡོངས་ཀྱི་མཐུན་སྒྲིལ་ཨ་ལོང་དམ་དུ་བསྒྲིལ་ནས་སྤྱི་ཚོགས་ཀྱི་སྲོལ་བཟང་ཞིག་ཆགས་ཡོད།

“སྔོན་ཆད་ས་ཆ་མང་ཆེ་བར་མནའ་མའི་རྒྱུ་རིན་ལ་སྒོར་མོ་ཁྲི་མང་པོ་སྟེར་དགོས་པ་དང་། ཁང་པ་དང་གསེར་དངུལ་རྒྱན་ཆ་སོགས་ཉོ་སྤྱད་ལ་སྒོར་མང་པོ་སྤྲོད་དགོས་པ་སོགས་གནད་དོན་མང་པོ་ཡོད་པས།ཁྱིམ་དུ་མནའ་མ་ལེན་པར་ང་ཚོ་སེམས་ཁྲལ་ཆེ་བར་འདུག ”

“དེང་སྐབས་དེ་ལས་ལྡོག་སྟེ། སྡེ་བའི་ནང་གི་སྡེ་སྲོལ་དམངས་ཆིངས་ནང་གསལ་བོར་བྱས་ཡོད་པ་བཞིན། གཉེན་སྟོན་རྒྱ་ཆེར་མི་སྤེལ་བ་དང་དུ་ཆང་གི་ཚད་གཞི་གཏན་འབེབས་གསལ་བོ་བྱས་ཡོད་པས།ང་ཚོ་ཁྱིམ་ཚང་སུ་ཡིན་རུང་མནའ་མ་བསུས་ཆོག་ལ་བཀྲ་ཤིས་པའི་གཉེན་སྟོན་གྱི་ཆོ་ག་ཡང་སྤེལ་བཞིན་ཡོད”ཅེས་སངས་རྒྱས་རྒྱལ་མཚན་གྱི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ནས་དེ་ལྟར་བཤད།

ཐུན་མོང་དཔལ་འབྱོར་ཐོན་ལས་གོང་དུ་སྤེལ་ནས་སྡེ་བ་ཕྱུག་པོར་བསྒྱུར་བ།

མགོ་ཁུངས་ནས་དབུལ་བོའི་རྣམ་པ་བསྒྱུར་དགོས་ན་རང་ཉིད་ལ་བརྟེན་ནས་རང་ཉིད་སྟོབས་ལྡན་དུ་གཏོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། མགོན་ཀྱཱ་སྡེ་བའི“ཨུ་ཡོན་ལྷན་ཁང་་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བར་ཐབས་ལམ་སྣ་ཚོགས་འཚོལ་བ་དང་། བསམ་གཞིགས་མང་དུ་བཏང་བ། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2017ལོའི་ཚུན་ལ་རིམ་རྩིས་ཀྱིས་མ་དངུལ་སྒོར་ཁྲི121བཏང་ནས་ཞིང་གྲོང་གནས་སྐོར་འཕེལ་རྒྱས་བཏང་ནས།སྔ་གཞུག་ཏུ་སྦྲ་གུར18ཉོ་སྒྲུབ་དང་།ཞིང་པའི་སྤྲོ་སྐྱིད་ཁང6།སྒེར་འཁོར་བསྐོར་ནས་གནས་སྐོར་བྱེད་ས1གཉེར་བ་རེད།

མ་དངུལ་སྒོར་ཁྲི2230ཧྲག་སྡེབ་བྱས་ཏེ།སྟོང་དཔོན་གཞིས་ཀ་ནས་སུམ་པའི་གནས་སྐོར་གཞུང་ལམ་ལམ་ཐིག་ལེགས་སྒྱུར་བྱས་པས་ཉེ་འཁོར་གྱི་སྡེ་བ་དག་གིས་གནས་སྐོར་ཡོང་སྒོ་བཙལ་ཐུབ་པ་བྱུང་། ལོ་ངོ་ཉུང་ཤས་རིང་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་ལེགས་སུ་སོང་ཞིང་། 2021ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི35.5ལ་སླེབས།

སྡེ་མི་ཆོས་དབྱིངས་ཆོས་མཚོར་མཚོན་ན། སྔོན་ཆད་བྱིས་པ་གཉིས་ཡོད་པ་ལོ་ཆུང་བའི་ཁར་ཁོ་ཚང་གི་འཚོ་བའི་ཡོང་སྒོ་ཞོར་ལས་ལ་ཙམ་ལ་བརྟེན་གྱིན་ཡོད་པས་ཆ་རྐྱེན་བཟང་རྒྱུ་རེད།

2019ལོར། “ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་བྱེད་པའི་ལས་གཞི་བརྩོན་ལེན་བྱས་ཏེ་ཞིང་པའི་སྤྲོ་སྐྱིད་ཁང5གཉེར་བ་ན།ཆོས་དབྱིངས་ཆོས་མཚོས་ཀྱང་གནས་སྐོར་སྦྲ་གུར་གླ་གཏོང་བྱས་ནས་ད་ལྟ་ཁྱིམ་གྱི་ཉེ་འགྲམ་དུ་ཡོང་སྒོ་འཚོལ་ཐུབ་པར་གྱུར་ཡོད།

“སྔོན་ཆད་སྡེ་བ་ནས་ཡོང་སྒོ་འཚོལ་ཐུབ་པ་ཞིག་ཡིད་ལའང་དྲན་མ་མྱོང་། སྡེ་བ་ནས་སྡེ་བའི་གནས་སྐོར་འཕེལ་རྒྱས་བཏང་བ་ནས་བཟུང་། སྔོན་ཆད་སུས་ཀྱང་མིག་ལ་མི་རན་པའི་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། གནས་སྐོར་བྱེད་ཡུལ་གཙོ་བོར་གྱུར་ཡོད།”

དེང་གི་མགོན་ཀྱཱ་སྡེ་བ་རུ།“ཐག་གཅོད་དཀའ་བའི་གནད་དོན་རིགས”རེ་རེ་བཞིན་ཐག་གཅོད་བྱས་པ་འོས་ཤིང་འཚམ་པ་དང་།“མི་འདང་ས་དང་ཞན་ཆའི་རིགས”རེ་རེ་བཞིན་ཁ་གསབ་བྱས་ཏེ།ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་།ཏང་ཡོན་གྱིས་དཔེ་སྟོན་བྱེད་པ།མང་ཚོགས་ཕྱུག་འགྱུར་བཅས་བྱས་རྗེས།སྔ་རྗེས་སུ་རྫོང་དང་ཞང་གི“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”དང“དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་སྡེ་བ”རུ་གྱུར་པ་དང་།ཞིང་ཆེན་རིམ་པའི“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་སྡེ་བ”སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ནས།གསོན་ཤུགས་རྒྱས་པའི“བདེ་སྐྱིད་སྡེ་བ”དེ་གྲོང་གསེབ་དར་སྤེལ་གྱི་ལམ་དུ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད། །