ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རང་ཞིང་གིས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ།

ཟླ4པའི་ཚེས28ཉིན། གསར་འགོད་པས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་གསལ་ལྟར་ན། ངལ་རྩོལ་གཟི་བརྗིད་ལྡན་པ་དང་ཤེས་བྱ་བླ་ན་མེད་པ། འཇོན་མི་རྩ་ཆེན་ཡིན་པ། གསར་གཏོད་རླབས་ཆེན་ཡིན་པ་བཅས་ཀྱི་སྤྱི་ཚོགས་དར་སྲོལ་ཞིག་ཤུགས་ཆེན་པོས་བསྐྲུན་པ་དང་། རྒྱ་ཆེའི་ལས་བཟོ་པ་དང་མང་ཚོགས་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་གསོལ་འབུལ་བྱེད་པའི་སྤྲོ་སེམས་སྔར་བས་སློང་བ། ལས་བཟོ་པ་ཁྲི་སྟོང་མང་པོ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་ཞུགས་པར་སྐུལ་ལྕག་གཏོང་བ་བཅས་ཀྱི་ཆེད་དུ། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཧྲིན་ཡོན་ས་གདན་ཚོགས་སྒྲིལ་ཚད་ཡོད་ཀུང་སི་སོགས་ལས་ཁུངས10ལ“མཚོ་སྔོན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་བྱ་དགའ”བསྩལ་བ་དང་། ཆི་ཆིན་ཧྥང་སོགས་མི་སྒེར20ལ“མཚོ་སྔོན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་བྱ་དགའ”བསྩལ། མཚོ་སྔོན་ཞིང་ཆེན་པའོ་ཧུང་རྫས་འགྱུར་བཟོ་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་བུལ་ཞུ་འཁོར་ཁང་སོགས་ཐུན་མོང40ལ་མཚོ་སྔོན་མཐོ་སྒང་གི“བཟོ་པའི་གདོང་ལེན་པ”ཡི་མཚན་སྙན་བསྩལ།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པ་རྣམས་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འབད་བརྩོན་བྱེད་པ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཡར་སྐུལ་བྱེད་པ། རྒྱུ་སྤུས་མཐོ་བའི་འཚོ་བ་ཧུར་བརྩོན་གྱིས་བསྐྲུན་པ། སྔར་བས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཁྲོད་དུ་བྱས་རྗེས་འབུར་ཐོན་བཞག་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་སྐོར་ཞིག་གཅིག་འཕྲོར་གཅིག་མཐུད་དེ་བྱུང་།

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འབོད་སྐུལ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་ལས་བཟོ་པ་རྣམས་ཀྱིས་སྔོན་ཐོན་གྱི་དཔེ་མཚོན་མ་དཔེ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ཀྱིས་སྲུང་བ། “སྲུང་སྐྱོང་གཉིས”བློ་ཐག་རྦད་ཆོད་ཀྱིས་སྒྲུབ་ཐུབ་པར་བྱེད་པ། རང་རྟོགས་ཀྱིས་ལོ་རྒྱུས་ཀྱི་ལས་འགན་ཁུར་དུ་བླངས་ནས་འཐབ་ལམ་གསར་པར་ཧུར་གྱིས་བསྐྱོད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བརྩོན་པས་བསྐྲུན་ནས་ཐོན་ལས་ཀྱི“གནས་བཞི”མགྱོགས་པོར་བསྐྲུན་ཞིང་།“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་རླབས་ཆེན་ལག་ལེན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་བཅས་ཀྱིས“ཀྲུང་གོའི་འདུན་མ། ངལ་རྩོལ་གྱི་མཛེས་པ”ཞེས་པའི་ལེའུ་གསར་པ་བརྩོན་པས་བྲིས་ཏེ། སྔར་བས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། །