ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

འཛམ་གླིང་གི་མེ་ཤུགས་འཕུར་མདའ་ཐོག་མ་རང་ཞིང་གི་མང་ངེ་གྲོང་ཁྱེར་ནས་བར་སྣང་དུ་འཕངས་པ་རེད།

2022ལོའི་ཟླ4པའི་ཚེས24ཉིན་ནི་ཀྲུང་གོའི་མཁའ་སྐྱོད་ཉིན་མོ་སྐབས་བདུན་པ་རེད། ཉིན་དེའི་སྔ་དྲོར། ཀྲུང་གོའི་ཚན་རིག་གླིང་རླུང་ཁམས་ཆེན་པོའི་དངོས་ལུགས་ཞིབ་འཇུག་ཁང་དང་པེ་ཅིན་སྐར་མདའ་བར་སྣང་ལག་རྩལ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་ལེན་ཧུའུ་གྲོང་རྡལ་དུ་མཉམ་འབྲེལ་བྱས་པའི་འཛམ་གླིང་ཐོག་ཆེས་ཐོག་མའི་བར་སྣང་ལས་སྟེགས་དང་ཉེ་བའི་མེ་ཤུགས་འཕུར་མདའ་ས་ངོས་ནས་འཕེན་པའི་ཚོད་ལྟ་སྤེལ་བ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་དེར་གཏོང་འཕེན་བྱས་པ་དེས་མཁའ་དབྱིངས་ཀྱི་དབུགས་ལྒང་ལ་བརྟེན་ནས་བར་སྣང་ལས་སྟེགས་ཀྱི་ཉེ་སར་འཕེན་པ་སྟེ། རླུང་ཤུགས་མེད་པའི་མཁའ་དབྱིངས་ཀྱི་ཧེལ་དབུགས་ལྒང་ལ་བརྟེན་ནས་མེ་ཤུགས་འཕུར་མདའ་སྟོང་སྨི25ནས40རུ་འཕུར་མཚམས་རྒྱང་འཛིན་སྤྱད་དེ་བར་སྣང་དུ་མེ་སྒྲོན་ནས་མེ་ཤུགས་འཕུར་མདའ་འཕེན་པ་ཞིག་ཡིན་ལ། མེ་ཤུགས་འཕུར་མདའ་དེས་ཐེག་ཚད་ལས་འགན་དང་གཞི་གྲངས་འཚོལ་སྡུད་བྱེད་ཆོག་པ་དང་། བར་སྣང་དུ་སྔོན་དཔག་འཕུར་ཚད་ལ་བསླེབས་རྗེས་གདུགས་མཆོང་བརྒྱུད་ནས་སར་འབབ་པ་རེད། ཐེངས་འདིའི་ཚོད་ལྟ་ནི་མེ་ཤུགས་འཕུར་མདའི་འཕུར་སྐྱོད་མཐོ་ཚད་སྔོན་དཔག་ལ་སླེབས་པ་དང་། གཞི་གྲངས་འཚོལ་སྡུད་བྱས་པ་བརྟན་འཇགས་བཅས་ཀྱི་སྒོ་ནས་ལེགས་འགྲུབ་བྱུང་བ་ཞིག་ཡིན་ལ། འཛམ་གླིང་སྟེང་མཐོ་དབྱིངས་དབུགས་ལྒང་སྟེགས་བུ་གཞི་བྱས་ནས་མ་ལག་ཚང་བའི་བར་སྣང་འཚོལ་ཞིབ་མེ་མདའ་ས་ངོས་ནས་འཕེན་པའི་ཚོད་ལྟ་ཐོག་མ་ཡིན།

རྒྱུས་ལོན་པ་ལྟར་ན། མིག་སྔར་ཀྲུང་གོས་མཁའ་དབྱིངས་གདུགས་ལྒང་འཚོལ་ཞིབ་བྱེད་ཐབས་དེ་ཅུང་སྣ་གཅིག་རྐྱང་དུ་ཆགས་ཡོད་པ་དང་། སྨི5000ཡན་གྱི་འཚོལ་ཞིབ་བྱེད་ཐབས་དེས་སྲོལ་རྒྱུན་གྱི་མཁའ་དབྱིངས་འཚོལ་ཞིབ་མེ་ཤུགས་འཕུར་མདའི་ལག་རྩལ་ལ་བརྟེན་བཞིན་ཡོད་པས། མ་རྩ་མཐོ་ཞིང་ཕན་འབྲས་དེ་ཙམ་མཐོ་བ་མིན་པར་མ་ཟད། ད་དུང་མཁའ་དབྱིངས་འཚོལ་ཞིབ་མེ་ཤུགས་འཕུར་མདའ་ལ་ལག་རྩལ་གྱི་ཚད་བཀག་ཐེབས་ནས་དམའ་བའི་རླུང་ཁམས་ཆེན་མོའི་རིམ་པར་འཚོལ་ཞིབ་བྱེད་ཐུབ་ཚད་ཅུང་དམའ་བ་རེད། ད་ལྟའི་བར་འཛམ་གླིང་ནས་སྔོན་གྱི་ཨ་མེ་རི་ཁའི་སི་ཐན་ཧྥུ་སློབ་ཆེན་གྱིས་མཁའ་དབྱིངས་དབུགས་ལྒང་ལ་བརྟེན་ནས་མེ་མདའ་འཕེན་པའི་ཚོད་ལྟ་ཐེངས་ཤིག་བྱས་མྱོང་ལ། དེ་དུས་དབུགས་ལྒང་ནི་ཐེག་ཚད་ཧ་ཅང་དམའ་བའི་མཁའ་དབྱིངས་དབུགས་ལྒང་ཡང་རིགས་ཡིན་པར་མ་ཟད། དེར་ཐེག་པའི་མེ་ཤུགས་འཕུར་མདའ་ཡང་ཧ་ཅང་ཆུང་བ་ཞིག་རེད།

ཐེངས་འདིའི་ཚོད་ལྟའི་འཕེན་གཏོང་ལ་མཚོན་ན། རླུང་ཁམས་ཆེན་པོའི་དངོས་ལུགས་ཞིབ་འཇུག་དང་འཚོལ་ཞིབ་བྱེད་ཐབས་ཀྱི་ཐད་ལ་ཐོད་བརྒལ་གསར་སྐྲུན་གྱི་ཚད་དུ་སླེབས་ཡོད། དེ་ལས་གཞན་ཐེངས་འདིའི་ལག་རྩལ་གྱིས་རྩེར་སོན་སྒྲའི་མྱུར་ཚད་དང་བར་སྣང་ཚན་རིག་སོགས་ཀྱི་ཐད་ཞིབ་འཇུག་བྱེད་རྒྱ་ཆེ་རུ་གཏོང་བར་ཕན་པ་དང་། མ་འོངས་པར་སྔར་ལས་ལེགས་བསྒྱུར་གཏོང་བ་དང་ཐ་ན་འཁོར་སྐར་སྐྱེལ་འདྲེན་གྱི་མ་རྩ་ནུས་ལྡན་ངང་ཇེ་ཉུང་དུ་གཏོང་ཐུབ་རྒྱུ་རེད། །

《མཚོ་སྔོན་ཉིན་རེའི་ཚགས་པར》ལྟར།