ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བ་ལྡིང་ཆུ་བོའི་འགྲམ་གྱི་རི་སྐྱེས་སྲོག་ཆགས་སྔར་ལས་ཇེ་མང་དུ་གྱུར་པ།

རི་སྐྱེས་སྲོག་ཆགས་ལ་གཟན་སྐལ་བགོས་པ།

ཚེ་རིང་འབུམ་གྱིས་བཤད་དོན། ལེགས་བསྡུས་ཞིབ་གཉེར་ཅན་གྱི་གསོ་སྤེལ་བྱེད་ཐབས་ཁྱབ་སྤེལ་བཏང་བ་བརྒྱུད། འབྲོང་ལུང་ཞང་གི་རྩྭ་སའི་རྩི་ཤིང་གི་སྐྱེས་སྟོབས་ཇེ་བཟང་ནས་ཇེ་བཟང་དུ་གྱུར་མོད། འོན་ཀྱང་རྩྭ་ས་ཉུང་བའི་དབང་གིས་འབྲོག་པའི་སྒོ་ཕྱུགས་ལ་གཟན་རྩྭ་མི་འདང་བའི་གནས་ཚུལ་ཉིན་རེ་ལས་ཉིན་རེར་ཇེ་སྡུག་རེད།

དེའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་ཞེ་ན།སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་གྱུར་པ་དང་བསྟུན་ནས། འབྲོང་ལུང་ཞང་གི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའང་ཇེ་མང་དུ་གྱུར་བས།ལོ་འདི་འགར། རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་ཀྱིས་རྩྭ་ས་འཕྲོག་རེས་བྱེད་པའི་གནས་ཚུལ་ཡོངས་ཁྱབ་ཏུ་འགྱུར་བཞིན་འདུག

འབྲོང་ལུང་ཞང་མདའ་བཞི་སྡེ་བའི་འབྲོག་པ་རྒྱ་མཚོས་བཤད་རྒྱུར། “སྔོན་ཆད་ཐག་རིང་པོར་སོང་ན་ད་གཟོད་གནའ་བ་མཐོང་ཐུབ་ལ། ད་ལྟ། རང་ཚང་གི་སྒོ་ཁ་ནས་ཀྱང་གནའ་བ་འགའ་རེ་སོས་དལ་ངང་འགྲོ་བཞིན་པ་མཐོང་ཐུབ་པ་དང། མཚམས་རེར་རི་སྐྱེས་སྲོག་ཆགས་དང་ནོར་ལུག་འདྲེས་ནས་མཉམ་དུ་རྩྭ་ཟ་བཞིན་པའི་སྣང་ཚུལ་མཐོང་ཐུབ།”

འབྲོང་ལུང་ཞང་གི་ཡུལ་མི་ཀུན་གྱིས་རི་སྐྱེས་སྲོག་ཆགས་གསོད་མི་རུང་བ་ཤེས་པས། རྩྭ་ས་ཚད་བརྒལ་གྱིས་སྤྱོད་པ་སྔོན་འགོག་བྱེད་ཆེད། ཁོ་ཚོས་ལོ་རེར་གཟན་རྩྭ་ཉོས་ཏེ་སྒོ་ཕྱུགས་ལ་སྟེར་བཞིན་ཡོད།“རི་སྐྱེས་སྲོག་ཆགས་ཇི་ལྟར་མང་ན། ང་ཚོས་ཉོ་དགོས་པའི་གཟན་རྩྭ་ཡང་དེ་ལྟར་མང་བས། སྒོ་ཕྱུགས་འཚོ་བའི་མ་གནས་ཀྱང་དེ་ལྟར་མཐོ་བ་རེད”ཅེས་ཚེ་རིང་འབུམ་གྱིས་དེ་ལྟར་བཤད།

ན་ནིང་། ཚེ་རིང་འབུམ་ཚང་གིས་ཕྱི་རོལ་ནས་ཁ་གསབ་གཟན་ཆས་ཏུན་བཅུ་གྲངས་ཤིག་ཉོས་པར། འགྲོ་སོང་སྒོར་ཁྲི8ལས་བརྒལ།

སྐད་ཆ་འདི་བཤད་སྐབས། ཚེ་རིང་འབུམ་གྱི་གདོང་ལ་ཡིད་ཕངས་པའི་རྣམ་འགྱུར་ཕྲ་མོ་ཙམ་ཡང་མེད་པར། མིག་མདངས་ལ་སྤོབས་པའི་ཉམས་ཤིག་འཁྱུག་འདུག

ཏང་ལེན་རུང་གིས་བཤད་རྒྱུར། “འབྲོག་པའི་གཟན་ཆས་ཀྱི་མ་གནས་ཇེ་མཐོར་ཕྱིན་མོད། འོན་ཀྱང་ཁོ་ཚོའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་འདོད་ཀྱི་ཧུར་སེམས་ཇེ་ཞན་དུ་གྱུར་མེད་པས།ང་ཚོའི་ཞང་ནས་རི་སྐྱེས་སྲོག་ཆགས་ལ་གནོད་པ་གཏོང་བའི་དོན་དག་བྱུང་མ་མྱོང་།”

“གསོ་སྤེལ་གྱི་མ་གནས་ཇེ་མཐོར་སོང་ནའང་། རྩྭ་སར་སྲུང་སྐྱོབ་ཐུབ་སོང་། ང་ཚོས་རི་སྐྱེས་སྲོག་ཆགས་ལ་ཁེ་བཟང་སྤྲད་པ་ནི། རི་སྐྱེས་སྲོག་ཆགས་ལ་ཟས་སྐལ་ཞིག་བགོ་བསམ་པ་ཡིན་ལ། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་ཆེད་ཡིན།”ཚེ་རིང་འབུམ་གྱིས་སྤྲོ་སྣང་ལྡན་པའི་ངང་དེ་ལྟར་བཤད།

སྐྱེ་ཁམས་ཁོར་ཡུག་ལ་ཁེ་བཟང་སྤྲད་པ་འདི་ནི། འབྲོང་ལུང་ཞང་གི་མིས་བ་ལྡིང་ཆུ་བོའི་འབྱུང་ཡུལ་གྱི་སྲུང་སྐྱོབ་ལ་བཞག་པའི་བྱས་རྗེས་ཡིན་ལ། ཁོ་ཚོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་བབ་ཆགས་པའི་ངོས་འཛིན་ཡང་རེད།

“དུས་བསྟུན་འབྲོག་པ”ཡིས་ཁྱིམ་གཞིས་དྲོན་མོ་

རི་སྐྱེས་སྲོག་ཆགས་ལ་སྤྲད་པ།

མཉམ་ལས་ཁང་བཙུགས་པའི་རྗེས་སུ། འབྲོང་ལུང་ཞང་གི་སྔོན་ཆད་ཁྱིམ་ཚང་གཙོ་ཡིན་པའི་ཕྱུགས་ལས་སྡེ་ཁག་དག་རིམ་གྱིས་ཐུན་མོང་གིས་ཚབ་བྱས་ཏེ། གདོད་མའི་ཕྱུགས་ལས་ནས་བུད་པའི་འབྲོང་ལུང་ཞང་གི་མི་རྣམས་ཀྱིས་འཚོ་བ་གསར་པ་ཞིག་ལ་ཚོད་ལྟ་བྱེད་མགོ་བརྩམས།

ལོ་ན22ཡིན་པའི་ཆོས་སྐྱབས་མཐོ་འབྲིང་མཐར་ཕྱིན་རྗེས་ཕྱིར་འབྲོང་ལུང་ཞང་ལ་ཡོང་སྟེ།མེས་པོ་ཚོ་དང་གཏན་ནས་མི་གཅིག་པའི་འཚོ་བ་ཞིག་རོལ་མགོ་བརྩམས།

ཆོས་སྐྱབས་ཀྱིས་བཤད་རྒྱུར། “ངེད་ཚང་གི་ནོར་ལུག་ཡོངས་རྫོགས་མཉམ་ལས་ཁང་དུ་བཞག་ཡོད་པས།ང་རང་ལོ་རེའི་དཔྱིད་མགོ་ཙམ་ལ་ཡུལ་དུ་ལོག་ནས་ཉིན་འགར་ཁོ་ཚོར་རོགས་རམ་བྱས་པ་ཡིན་ལ། དེའི་རྗེས་ཀྱི་དུས་ཚོད་ཡོངས་རྫོགས་ཕྱི་རོལ་ནས་ཞོར་ལས་གཉེར་བ་ཡིན།”

ཆོས་སྐྱབས་ཀྱིས་རང་ཉིད་ལ“དུས་བསྟུན་འབྲོག་པ”ཞེས་པའི་མིང་ཞིག་བཏགས་ཡོད་ལ། འབྲོང་ལུང་ཞང་དུ། ཆོས་སྐྱབས་དང་འདྲ་བའི“དུས་བསྟུན་འབྲོག་པ”ཧ་ཅང་མང་པོ་ཞིག་ཡོད།

ལས་གཉེར་དགོས་མཁོ་ཅན་གྱི་འབྲོག་པ་མང་ཚོགས་ཕྱི་རོལ་དུ་སོང་ནས་ལས་ཀ་གཉེར་བའི་འདུན་མ་མངོན་འགྱུར་ཡོང་བར་རོགས་རམ་བྱ་ཆེད། ལོ་འདི་དག་ལ། འབྲོང་ལུང་ཞང་གི་འབྲེལ་ཡོད་སྡེ་ཁག་གིས་དམིགས་ཡུལ་ཡོད་པའི་སྒོ་ནས་འབྲོག་པ་རྣམས་ལ་རྩལ་ནུས་གསོ་སྦྱོང་བྱེད་པའི་འཆར་གཞི་ལག་ཏུ་བསྟར་བ་དང་། འབྲོག་པ་མང་པོ་ཞིག་གིས་ལག་རྩལ་སྦྱངས་རྗེས།“དུས་བསྟུན་འབྲོག་པ”ཡི་ཁྲོད་དུ་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། འབྲོང་ལུང་ཞང་གིས་ལོ་རེར་འབྲོག་པ་མང་ཚོགས་བརྒྱ་ཉིས་བརྒྱ་ཞིག་རྩ་འཛུགས་བྱས་ཏེ་ཆི་ལེན་རྫོང་མི་དོན་སྡེ་ཁག་གིས་བསྒྲུབས་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་ཞུགས་སུ་འཇུག་བཞིན་ཡོད་ལ། ལས་ཞུགས་རྩལ་ནུས་འཛོམས་པའི་འབྲོག་པ་མང་ཆེ་བས་ཆི་ལེན་རྫོང་མཁར་རམ་ཟི་ལིང་དུ་ལས་ཀ་གཉེར་བཞིན་ཡོད།

ཆི་ལེན་རྫོང་གི་ཁེ་ལས་ཀྱིས་ད་དུང་འབྲོང་ལུང་ཞང་གི་ངལ་རྩོལ་པ་ལྷག་མ་བསྡུ་ཚད་རྒྱ་བསྐྱེད་དེ། མི་སྔར་ལས་མང་པོ་ཞིག་འབྲོང་ལུང་ཞང་ནས་གནས་སྤར་ཏེ། ལས་ཀར་ཞུགས་པ་མངོན་འགྱུར་བྱུང་། དུས་མཚུངས་སུ། ཆི་ལེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཕྱི་རོལ་དུ་སོང་ནས་ལས་ཀ་འཚོལ་བའི་གོ་སྐབས་ཧུར་ཐག་སྒོས་བཙལ་ཞིང་རྒྱ་ཆེར་གཏོང་བཞིན་ཡོད་ལ། འབྲོང་ལུང་ཞང་གི་འབྲོག་པས་ཕྱི་རོལ་ནས་ལས་ཞུགས་བྱེད་པའི་ཐབས་ལམ་ཆེ་རུ་གཏོང་བཞིན་ཡོད། སྲིད་གཞུང་གི་རོགས་རམ་འོག འབྲོང་ལུང་ཞང་གི་ངལ་རྩོལ་ནུས་ཤུགས་ལྷག་མ་རྩ་འཛུགས་ཡོད་པའི་སྒོ་ནས་ཕྱི་རོལ་དུ་སོང་ནས་ལས་ཀ་གཉེར་བཞིན་ཡོད་པས། མང་ཚོགས་ཀྱི་ཡོང་སྒོ་མངོན་གསལ་གྱིས་ཇེ་མཐོར་སོང་།

ལོ་ངོ་མང་པོར“དུས་བསྟུན་འབྲོག་པ”བྱས་རྗེས། ཆོས་སྐྱབས་ཀྱིས་ཕ་ཡུལ་དུ་འགྱུར་ལྡོག་ངོ་མཚར་བ་བྱུང་ཡོད་པ་མཐོང་།“ངེད་ཚང་རྩྭ་ཐང་དང་ཁ་བྲལ་རྗེས། སྔོན་ཆད་ཀྱི་གཞིས་ཁྱིམ་དེ་ད་ལྟ་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་འདུག་ལ། རྩྭ་ཐང་གི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་བའི་བར་སྟོང་སྔར་ལས་ཇེ་ཆེར་གྱུར་པ་དང་། སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་ཀ་ཇེ་མང་ནས་ཇེ་མང་དུ་སོང་ཡོད།”ཆི་ལེན་རྫོང་གི་ཡུལ་སྐོར་ཐོན་ལས་དར་བ་དེས། གཞོན་པ་མི་ཉུང་བ་ཞིག་ལ་ལས་ཞུགས་ཀྱི་གོ་སྐབས་བསྩལ།

“འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་ཆེད། འབྲོག་དམངས་ཕལ་ཆེ་བ་ཞིག་གིས་རྫོང་ཐོག་ཏུ་ཁང་པ་ཉོས་ཡོད།”ཅེས་ཏང་ལེན་རུང་གིས་དེ་ལྟར་བཤད།

ཁང་པ་ཉོས་པའི་སྟབས་ཀྱིས། “དུས་བསྟུན་འབྲོག་པ”རྣམས་ལོ་རེར་ཕྱི་རོལ་དུ་འཚོ་བ་རོལ་བའི་དུས་ཚོད་ཇེ་རིང་ནས་ཇེ་རིང་དུ་ཕྱིན།

ལོ་འགའི་སྔོན་ལ་ཚེ་རིང་འབུམ་གྱིས་ཀྱང་ཆི་ལེན་རྫོང་ཐོག་དང་ཀན་སུའུ་ཀྲང་ཡེ་གྲོང་ཁྱེར་ནས་སོ་སོར་ཁང་པ་རེ་ཉོས། ཁོས་བཤད་རྒྱུར། “གྲོང་ཁྱེར་དུ་བསྡད་ན། བྱིས་པ་སློབ་གྲྭར་འགྲོ་བ་དང་། རྒན་རྒོན་ཚོས་སྨན་པར་སྟོན་པ་སོགས་ལ་སྟབས་བདེ་མི་ཉུང་བ་ཞིག་ཡོད་པར་མ་ཟད། ལོ་ཆུང་ཚོས་ད་དུང་ཞོར་ལས་གཉེར་ཏེ་ཡོང་སྒོ་འཚོལ་ཐུབ།”

ཆོས་སྐྱབས་ཀྱིས་བཤད་རྒྱུར། “ནོར་ལུག་མཉམ་ལས་ཁང་ལ་སྤྲད་རྗེས། ང་རང་བློ་བདེ་བར་གྱུར། ལོ་ཆུང་ཚོས་རང་ཉིད་བཅིངས་འགྲོལ་བྱས་ཏེ་ལས་དོན་ཞིག་བསྒྲུབ་ན་འགྲིག”

སྲིད་ཇུས་སྙོམས་སྒྲིག་དང་། སྲིད་གཞུང་གིས་རོགས་སྐྱོར་བྱས་པ་ལ་བརྟེན་ནས། འབྲོང་ལུང་ཞང་གི་འབྲོག་པ་མང་ཚོགས་ཀྱིས་སྔོན་ཆད་ཀྱི་འཚོ་བ་སྐྱེལ་སྟངས་བསྒྱུར་བ་དང་། འཚོ་བའི་ལྟ་ཚུལ་བསྒྱུར་བ་དེས། དོན་དངོས་ཐོག་མིའི་བྱ་སྤྱོད་ཀྱིས་རང་བྱུང་ཁོར་ཡུག་ལ་གནོད་འཚེ་གཏོང་ཚད་ཇེ་ཉུང་དུ་སོང་སྟེ། འབྲོང་ལུང་ཞང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་བཏང་ཡོད།།

ཆུ་དཔོན6གིས་བ་ལྡིང་ཆུ་བོར་སྲུང་སྐྱོབ་བྱས་པ།

ཚེ་རིང་འབུམ་ཚང་ནི་བ་ལྡིང་ཆུ་བོ་དང་བར་ཐག་སྨི་བརྒྱ་ཕྲག་འགའ་ལས་མེད་པས།ཁོ་ཚང་གི་སྒོ་ཁར་འགྲེང་ན། བ་ལྡིང་ཆུ་བོའི་ཆུ་རྒྱུད་མཐོང་ཐུབ། འབྲོང་ལུང་ཞང་གི་མི་རྣམས་བཞུར་རྒྱུན་རིང་བའི་ཆུ་བོ་འདི་ལ་བརྩེ་བ་ཟབ་མོ་ཞིག་ཡོད་པར་མ་ཟད། རིམ་གྱིས་རི་བཀུར་ཆུ་གཅེས་ཀྱི་རིག་གནས་སྲོལ་རྒྱུན་གྲུབ་ཡོད།

“ང་རང་ཞང་སྲིད་གཞུང་དུ་ཡོང་ནས་ལོ་ངོ6ལ་བྱ་བ་བསྒྲུབས་པའི་རིང་ལ། མང་ཚོགས་ཀྱིས་བ་ལྡིང་ཆུ་བོའི་འགྲམ་དུ་གད་སྙིགས་འཕེན་པའི་གནས་ཚུལ་མཐོང་མ་མྱོང་། མང་ཚོགས་ལ་བ་ལྡིང་ཆུ་བོར་སྲུང་སྐྱོབ་བྱེད་པའི་ཧུར་བརྩོན་རང་བཞིན་ལྡན་་པ་དང་།འདི་ནི་བ་ལྡིང་ཆུ་བོའི་འབྱུང་ཡུལ་དུ་སྐྱེ་ཁམས་ཁོར་ཡུག་ལེགས་པོ་སྲུང་འཛིན་ཐུབ་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཡིན། ”ཞེས་ཏང་ལེན་རུང་གིས་དེ་ལྟར་བཤད།

ལོ་འདི་དག་གི་རིང་ལ། འབྲོང་ལུང་ཞང་གིས་ཆུ་དཔོན་ལམ་ལུགས་གཏན་འབེབས་བྱས་ཏེ། ཞང་ཏང་ཨུའི་ཧྲུའུ་ཅིས་སྤྱི་ཁྱབ་ཆུ་དཔོན་གྱི་འགན་ཁུར་བ་དང་། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅིས་ཆུ་དཔོན་གྱི་འགན་ཁུར་བ་རེད། གཏན་འབེབས་ལྟར། བ་ལྡིང་ཆུ་བོའི་འབྱུང་ཡུལ་གྱི་ཆུ་དཔོན6གིས་ཟླ་རེར་བཞུར་རྒྱུད་ཀྱི་ཞང་ཡོངས་ལ་ཁེབས་པའི་བ་ལྡིང་ཆུ་བོར་ཉུང་ནའང་སྐོར་ཞིབ་ཐེངས1རེ་བྱེད་དགོས།

ཆུ་དཔོན་རྣམས་ཀྱི་སྣེ་ཁྲིད་འོག འབྲོང་ལུང་ཞང་གི་གོང་འོག་ཚང་མར་མགྱོགས་མྱུར་ངང་ཆུ་བོར་དགའ་ཞེན་ཆེ་ཞིང་། ཆུ་བོར་གཅེས་སྐྱོང་བྱེད་པའི་གོམས་སྲོལ་ཡག་པོ་ཞིག་ཆགས་སོང་།

སྤེན་མ་སྡེ་བའི་འབྲོག་དམངས་ཚོ་རྫི་བོར་མ་སོང་སྔོན་ལ། ལུས་ལ་ཁུག་མ་ཞིག་འདོགས་ཀྱིན་ཡོད་ལ། དེ་ནི་ཆེད་དུ་ཆུ་ལམ་ཁྲོད་ཀྱི་གད་སྙིགས་འཐུ་ཆེད་རེད། རྫི་བོ་བྱེད་པའི་སྐབས་སུ། རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བ་དང་། འདྲོགས་སློང་མི་རུང་བ་རྣམས་སྡེ་སྲོལ་དམངས་ཆིངས་ཀྱི་ཁྲོད་དུ་བྲིས་ཡོད་པས། སྡེ་དམངས་ཀྱི་བྱ་སྤྱོད་གཅུན་ཐབས་ཤིག་ཏུ་གྱུར།

ཚེ་རིང་འབུམ་གྱིས་བཤད་རྒྱུར། འདི་ལྟ་བུའི་སྲུང་སྐྱོབ་བྱེད་ཐབས་ཤིག་ཡོད་པས། ལོ་འདི་དག་གི་རིང་ལ་བ་ལྡིང་ཆུ་བོའི་འགྲམ་ངོགས་གཉིས་ཀྱི་རི་སྐྱེས་སྲོག་ཆགས་མངོན་གསལ་གྱིས་ཇེ་མང་དུ་གྱུར་ཏེ། རི་སྐྱེས་སྲོག་ཆགས་ཀྱིས་ཆུ་བོའི་ཕར་ངོགས་སུ་ཆུ་འཐུང་བཞིན་པ་དང་། འབྲོག་པའི་སྒོ་ཕྱུགས་ཚོས་ཆུ་བོའི་ཚུར་ཕྱོགས་སུ་ཆུ་འཐུང་བཞིན་པའི་ལྗོངས་རྣམ་རྒྱུན་དུ་མཐོང་ཐུབ་ལ། དེ་ཚོས་ཆུ་བོའི་ཕ་རོལ་དང་ཚུ་རོལ་ནས་ཕར་ཚུར་ལ་ལྟ་བཞིན། གཅིག་གིས་གཅིག་ལ་གནོད་པ་མི་གཏོང་བར་གནས་ཡོད།

མིས་སྐྱེ་ཁམས་ལ་གནོད་པ་མ་བསྐྱལ་ན།སྐྱེ་ཁམས་ཀྱིས་མི་ལ་གནོད་མི་སྐྱེལ། སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཡིན་ལ། མདོ་ལ་རིང་མོའི་འགྲམ་ངོགས་སུ་ཡོད་པའི་འབྲོང་ལུང་ཞང་གི་མི་རྣམས་ཀྱིས་མི་ལ་ཡིད་འགུལ་ཐེབས་པའི་གཙང་ཆེན་གྱི་འཁྲེང་གཞས་ཤིག་བླངས་བྱུང་། །