ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

འཆར་སྣང་བུང་བའི་གཤོག་གླུ།

རྨ་ལྷོ། མཆོག་གསུམ་སྐྱབས།

དགེ་རྒན།

ཚེ་སྲོག་མར་མེའི་ཀློང་ལ་འཐིམ། །

ཤེས་རིག་འོད་ཀྱི་མིག་ཟུང་སྦྱིན། །

གྱ་ཙེ་གོམ་ཙེ་སློབ་པའི་དྲིན། །

གསེར་སྲང་སྟོང་གིས་ཁུགས་རེ་སྐན། །

ཨ་མ།

རྣམ་ཤེས་རྟེན་འབྱུང་ས་བོན་བསྐྲུན། །

བརྩེ་བའི་ནུ་ཞོས་གཉོམ་ལག་རྒྱས། །

དཀའ་ཚེགས་ཁུར་བོ་བཟོད་པ་ཡི། །

ཨ་མའི་སེམས་ནི་ཆུ་བོའི་རྒྱུན། །

སེམས།

གློག་འགྱུ་གར་དང་མཚུངས་པ་ཡི། །

སེམས་འདི་ཁུགས་སོའི་ན་བུན་བཞིན། །

སྔ་དྲོ་དགའ་ལ་ཕྱི་དྲོར་སྡུག །

རླུང་གིས་འཁྱེར་བའི་ལོ་མ་བཞིན། །

གྲོགས་པོ།

དཀའ་བའི་དུས་སུ་ཕྱག་གིས་འཇུ། །

རྒུད་པའི་དུས་སུ་མཐའ་ནས་བསྐྱོར། །

མི་འགྱུར་མཛའ་བརྩེ་འོ་ཆུ་བཞིན། །

ཕྱི་ཐག་རིང་བ་གྲོགས་ཀྱི་མཆོག །

དཔེ་ཆ།

རྒྱལ་ཁམས་མཐོང་ལ་དཔྱོད་ཤེས་རྒྱས། །

བློ་གྲོས་སྩོལ་ལ་འཇུག་ལྡོག་ཤེས། །

མུན་པ་འཇོམས་ལ་ཐེ་ཚོམ་གཅོད། །

དང་བ་འདྲེན་ལ་སྟོབས་ཤུགས་སྩོལ། །

གཞིས་ཁྱིམ།

མི་ཚེའི་ངལ་གསོའི་གཟིམ་ཁྲི་སྟེ། །

སྐྱིད་སྡུག་གང་འདོད་དབོ་ཆོག་ལ། །

རང་དབང་གསང་བ་དགའ་སྐྱོ་འབུམ། །

ཁྱོད་ཀྱི་རུམ་ན་མེད་པ་མེད། །

སོ་ནམ་པ།

ཤོ་ཡི་ཞིང་ས་གཤིན་པོ་རུ། །

འབྲུ་ལྔའི་མེ་ཏོག་འཐུ་བ་བོ། །

བཟའ་བཏུང་ལོངས་སྤྱོད་མཚོ་མོ་འདི། །

ཁྱོད་ཀྱི་དཀའ་བ་བརྒྱ་ལས་བྱུང་། །

འབྲོག་པ།

མཐོ་སྒང་ནམ་མཁའི་རྩྭ་ཐང་ན། །

ཙག་དང་བསེར་བུར་གདོང་གཏད་ནས། །

ཕྱུགས་ཀྱི་སྐར་མ་འཚོ་བའི་བུ། །

གངས་རིའི་བདག་པོ་ཁྱོད་མིན་སུ། །