ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཡུས་ཧྲུའུ་ནི་ངའི་སེམས་ཁོང་གི་ཆེས་སྙན་པའི་མཉམ་སྒྲོག་རོལ་དབྱངས་དེ་ཡིན།

——ཡུས་ཧྲུའུ་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རྡོ་རྗེའི་གནས་ཚུལ་བཀོད་པ།

ཞོགས་པར། ཡུས་ཧྲུའུ་གྲོང་ཁྱེར་གྱི་གེ་སར་ཐང་ཆེན་ནས་ཕྱོགས་བཞིར་བལྟས་ན། སྔོ་ཞིང་བསངས་པའི་ནམ་མཁའ་དང་ཚོམ་བུར་རྒྱུ་བའི་སྤྲིན་དཀར། མཁའ་ལ་ལྡིང་བའི་བྱ་རྒོད། དེ་མིན་གངས་རི་དང་ཁང་བརྩེགས།སྐྱེ་རྒུ་དགོན་པ་སོགས་ཐག་ཉེ་རིང་གི་བཀོད་པ་མཐའ་དག་མིག་དཀྱིལ་ལ་ལྷུང་ཡོང་། གལ་ཏེ་ཡུས་ཧྲུའུ་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རྡོ་རྗེ་དང་དུས་བཏབ་ཡོད་པས་མིན་ན། ང་ཚོས་ཡིད་འོང་གི་བཀོད་པ་དེ་དག་མིག་གིས་མཐོང་མི་སྲིད།

ད་ལོར་ལོ58ལ་སོན་པའི་བཀྲ་ཤིས་རྡོ་རྗེ་ནི་ཡུས་ཧྲུའུ་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་ཡིན་པར་མ་ཟད། ཁོས་ཡུས་ཧྲུའུ་ཁུལ་གྱི་ཏང་ཕྱིའི་ཤེས་ཡོན་པའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཡང་བཞེས་ཡོད། ཁོ་ནི་ཡུས་ཧྲུའུ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཡུས་ཧྲུའུ་པ་རྣལ་མ་ཞིག་ཡིན། ང་ཚོ་འགྲོ་དུས་ཁོ་རང་གཞུང་ལས་ཁང་དུ་མི་འདུག གམ་གྱི་གསར་བུ་ཞིག་ལ་གནས་ཚུལ་དྲིས་དུས་ད་གཟོད་ཁོ་རང་འཁྲབ་སྟོན་ཁང་དུ་སོང་མ་ཐག་ཡིན་པ་ཤེས་ཤིང་། གསར་བུས་ལམ་སྟོན་བྱས་པ་ལྟར། འཁྲབ་སྟོན་ཁང་དུ་ང་ཚོས་ལུས་ཕུང་སྐམ་ཞིང་རིད་པ་ཞིག་གིས་སྟེགས་བུའི་ཐོག་ན་འཁྲབ་སྟོན་པ་རྣམས་དང་ཅི་ཞིག་བགྲོ་གླེང་བྱེད་ཀྱིན་པ་མཐོང་ལ། དེ་ནི་བཀྲ་ཤིས་རྡོ་རྗེ་ཡིན་པའང་ཤེས། “ཡུས་ཧྲུའུ་ལ་ས་འགུལ་བྱུང་ནས་ལོ་འཁོར་བཅུ་འདས་པའི་དྲན་གསོའི་བྱ་འགུལ་མགོ་བརྩམས་པས། ང་ཚོས་སྦྱོང་བརྡར་བྱེད་ཀྱིན་པའི་སྒང་ཡིན། འཁྲབ་ཚན་སྔོན་མའི་འཁྲན་ཚན་ཡིན་ནའང་ད་ཐེངས་གསར་བཅོས་མང་དུ་བརྒྱབ་ཡོད།”ཕན་ཚུན་འཕྲད་མ་ཐག བཀྲ་ཤིས་རྡོ་རྗེས་དོགས་སྣང་ཅུང་ཟད་དང་བཅས་དེ་ལྟར་བརྗོད།

ལོ་ན་ཆུང་དུས་ངེད་ཚང་ལ་མིང་སྲིང10ཡོད་པའི་ཁར། འཚོ་བའི་རྟེན་པ་ལ་ཨ་ཕ་གཅིག་པུ་ལས་མེད་པས། ཞོགས་ཟས་ཡོད་ན་གུང་ཟས་མེད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཡིན། བཀྲ་ཤིས་རྡོ་རྗེས་དེ་ལྟར་ང་ཚོར་ཁོའི་ཆུང་དུས་ཀྱི་འདས་དོན་མང་པོ་ཞིག་བརྗོད། འཚོ་བའི་དཀའ་ཁག་གིས་དེད་པས། 1968ལོར་ཕ་མ་གཉིས་ཀྱིས་ཁོ་རང་ཡུས་ཧྲུའུ་ཁུལ་ཐོག་གི་ཨ་ནེ་ཞིག་གི་ཁྱིམ་དུ་བཅོལ་བ་དང་། ཁོས་ད་ལྟ་ད་དུང་ཡང་ལོ་བརྒྱད་དགུ་ཙམ་གྱི་སྐབས་སུ་ཁོ་ཚང་ལ་སྒོར800ཡི་བུ་ལོན་ཡོད་པ་གསལ་པོར་དྲན་གྱིན་ཡོད། ཡིན་ནའང་། བཀྲ་ཤིས་རྡོ་རྗེ་ཡིས་བཤད་པ་བཞིན། ཡུས་ཧྲུའུ་པ་རྣམས་འཚོ་བ་དང་རིག་གནས་ལ་དགའ་ཞེན་ཆེ་ཞིང་། ནམ་རྒྱུན་གླུ་དང་གར་ལ་བརྟེན་ནས་སྐྱིད་པའི་འཚོ་བར་སྨོན་པའི་རེ་འདུན་མཚོན་པར་མཁས། སྐབས་དེར་ལོ9ལས་མེད་ནའང་། ལས་ཀའི་སྐར་མ་གསོག་ཆེད་ཁོ་རང་སྐབས་དེའི་རུ་ཁག་གི་རུ་གཙོའི་རྗེས་སུ་འཁྲབ་སྟོན་བྱེད་དུ་སོང་། ཁོས་གཙོ་བོ་སྐོར་བྲོ་འཁྲབ་པ་ཡིན་ལ་ཐེངས་རེར་སྐར་མ5དང་སྒོར0.25ཡོད། དེ་ལྟ་དེ་ལྟར། ཁོ་རང་ལོ་རྒྱུན་དུ་དང་ལྷག་པར་དུས་ཆེན་གྱི་སྐབས་སུ་འཁྲབ་སྟོན་བྱེད་པར་སོང་སྟེ། ལོ12ཙམ་གྱི་རིང་ལ་ཁྱིམ་གྱི་བུ་ལོན་འཇལ་ཚར་ཞིང་། བཟའ་མི་གང་པོའི་འཚོ་བར་གཞི་ནས་འགྱུར་ལྡོག་ཙམ་འབྱུང་མགོ་ཚུགས།

ལོ16གི་ཐོག་ཏུ་ཡུས་ཧྲུའུ་ཁུལ་གླུ་གར་ཁང་དུ་ཞུགས་ཏེ་དོན་དང་ལྡན་པའི་རིག་རྩལ་འཁྲབ་སྟོན་གྱི་ལམ་དུ་ཞུགས་མགོ་ཚུགས།དེའི་རྗེས་ཀྱི་མི་ལོ42རིང་ལ། ཁོ་རང་བྲོ་མཁན་ཞིག་ནས་གླུ་གར་ཚོགས་པའི་ཚོགས་གཙོར་གྱུར། “དང་ཐོག་ངས་ཨོག་ལེན་ཆུང་བ་སྦྱངས་པ་ཡིན་ལ། རྗེས་ནས་རིམ་བཞིན་ཞབས་བྲོ་དང་འཆར་འགོད། མཉམ་སྒྲོག་རོལ་དབྱངས་སོགས་གང་ལའང་སྦྱངས་མྱོང་།”བཀྲ་ཤིས་རྡོ་རྗེ་ནི་རོལ་མོ་ལ་དགའ་ཞིང་རོལ་མོའི་ནང་ནས་ཐུན་མིན་གྱི་མི་ཚེའི་ལམ་བུ་འཚོལ་བར་ཡང་དགའ། ཁོས“རོལ་མོ་ནི་ཡིད་ཀྱི་བརྩེ་གདུང་འདོན་པ་དང་བརྗོད་པ་ལ་འཚམ་པའི་སྒྱུ་རྩལ་ཞིག་ཡིན་ལ། རོལ་མོ་ཉམས་སུ་མྱོང་བའི་གོ་རིམ་ནི་བརྩེ་གདུང་ཉམས་སུ་མྱོང་བའི་གོ་རིམ་ཞིག་ཀྱང་རེད”ཟེར།

2008ལོར། གྲུབ་འབྲས་གཟེངས་སུ་ཐོན་པའི་ཁོ་རང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀོད་སྒྲིག་བྱས་པ་ལྟར། ཞིང་ཆེན་རོལ་མོ་མཐུན་ཚོགས་སུ་ལས་གནས་སྤར། སྐབས་དེར་ཁོས་སྟེགས་བུ་ཞིག་ཡོད་ན་རིག་རྩལ་གྱི་བྱ་བ་གང་དུ་བསྒྲུབས་ཀྱང་ཁྱད་པར་མི་འདུག་སྙམ་ནའང་། ཁོའི་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོས་ཟི་ལིང་ནས་རྐང་མ་ཚུགས། 2010ལོའི་ཟླ4པའི་ཚེས14ཉིན་གྱི་ཞོགས་པར་ཡུས་ཧྲུའུ་ལ་ས་འགུལ་བྱུང་། ཞོགས་པ་དེར་ཁོས་ཁྱིམ་དུ་གསར་རྩོམ་བྱེད་བཞིན་ཡོད་ལ། ཡུས་ཧྲུའུ་ཡི་ལས་གྲོགས་ཤིག་གི་ཁ་པར་འབྱོར་བས། ད་གཟོད་གནས་ཚུལ་དེ་ཐོས་ཤིང་། ཡིད་མ་ཆེས་པར་བརྙན་འཕྲིན་ལ་ལྟ་དུས། ཚེ་སྲོག་ཤོར་བའི་མི་གྲངས་རྒྱུན་ཆད་མེད་པར་འཕེལ་བཞིན་པ་མཐོང་ཞིང་། མིག་ལས་མཆི་མ་དབང་མེད་དུ་ཤོར། བཀྲ་ཤིས་རྡོ་རྗེས་མིག་མཐར་མཆི་མ་འཁོར་བཞིན་སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་ཅིང་། “ངའི་མིག་ལ་རྒྱུན་པར་མཆི་མ་འཁོར་དོན་ནི། ང་རང་གནས་འདི་ལ་ཞེན་འདང་ཟབ་པས་ཡིན”ཟེར། དེ་ཡང་ཡིན་ཏེ། ཁོས་གཟའ་འཁོར་གཅིག་གི་རིང་ལ་པེ་ཅིན་དང་ཧྲང་ཧའེ། སི་ཁྲོན་སོགས་ཀྱི་གྲོགས་པོ་བརྒྱུད་ནས་རོགས་དངོས་ཉོས་ཏེ་ཡུས་ཧྲུའུ་གནོད་ཁུལ་དུ་བསྐྱལ་ཅིང་། སེམས་པ་སྡོད་མ་ཚུགས་པར་ཟི་ལིང་དང་ཡུས་ཧྲུའུ་བར་དུ་རེས་སྐོར་གྱིས་བརྒྱུགས། ལོ་དེའི་ཟླ6པར། གཞི་ནས་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་སྲིད་གཞུང་གི་རེ་འདུན་ལྟར་ཁོ་རང་ཕྱིར་ཡུས་ཧྲུའུ་ཁུལ་གླུ་གར་གླིང་དུ་ལོག་ཐུབ་པ་བྱུང་བས། “ངའི་སེམས་གཞི་ནས་བདེ་ལ་འབབ་ཐུབ་པར་གྱུར་ལ། ཡུས་ཧྲུའུ་ལ་རང་ཉིད་ལྷག་པར་དགོས་མཁོ་ཆེ་བར་འདུག་སྙམ།”

བཀྲ་ཤིས་རྡོ་རྗེ་ནི་བྱ་བར་ཞིབ་ཚགས་ལྡན་ཞིང་ནན་ཏན་གྱིས་འཇུག་མཁན་ཞིག་ཡིན། ས་འགུལ་བྱུང་རྗེས། བཀྲ་ཤིས་རྡོ་རྗེས་མི་རིགས་ཀྱི་གླུ་གར་ཟློས་གར་ཆེན་མོ《ཡུས་ཧྲུའུ་ཡིས་ནམ་ཡང་བརྗེད་མི་སྲིད》ཅེས་པའི་འཁྲབ་སྦྱོང་ལ་སྟ་གོན་བྱེད་མགོ་བརྩམས།སྐབས་དེར་ཡུས་ཧྲུའུ་ལ་འཁྲབ་སྦྱོང་བྱེད་ས་མེད་པས། ཁོ་ཚོ་མི་བདུན་བཅུ་བརྒྱད་བཅུ་ཙམ་ཞིག་ཧུའུ་ཀྲུའུ་རྫོང་བྱང་རིའི་རྟེན་གཞི་ཞིག་ལ་ཆེད་དམིགས་ཀྱིས་འཁྲབ་སྦྱོང་བྱེད་དུ་སོང་། སྐབས་དེའི་གནས་ཚུལ་དག་གླེང་དུས་བཀྲ་ཤིས་རྡོ་རྗེའི་སྐད་ངག་ལ་སྤྲོ་སྣང་དང་ངར་ཤུགས་ཀྱིས་ཁེངས་ཡོད་དེ། ཁོས“ང་ཚོས་ཟླ་བ་གསུམ་གྱི་རིང་ལ་གནས་དེ་ནས་འཁྲབ་སྦྱོང་ཁོ་ནར་འབད་པ་ཡིན། ནམ་ཟླར་ཚ་བ་ཆེ་ལ་ལས་ཚེགས་ཀྱང་ཤིན་ཏུ་ལྕི་ནའང་། སྡུག་སྨྲེ་འདོན་མཁན་ནི་མི་གཅིག་ཀྱང་མི་འདུག”ཟེར།

ཤེས་གསལ་ལྟར་ན།《ཡུས་ཧྲུའུ་ཡིས་ནམ་ཡང་བརྗེད་མི་སྲིད》ཅེས་པའི་མི་རིགས་ཀྱི་གླུ་གར་ཟློས་གར་ཆེན་མོ་དེ་ནི་མཛེས་པ་དང་བརྩེ་དུང་། སྡུག་བསྔལ། སྙིང་རྗེ། རྨི་ལམ་བཅས་ཚན་པ་ལྔ་ཡིས་གྲུབ་ཅིང་། གློ་བུར་བའི་རང་བྱུང་ཆག་སྒོས་མཛེས་པའི་ཕ་ཡུལ་དང་ཉེ་བའི་ཡུལ་མི་རྡུལ་དུ་བརླག་པའི་ཁྲོད་ཀྱི་ཁེར་རྐྱང་དང་སྐྱབས་མེད་ཀྱི་ཚེ་སྲོག་རེ་རེ། མཐའ་མཇུག་ཞིག་རོ་དང་ཆག་གྲུམ་འབའ་ཞིག་གི་ཀློང་ནས་ལངས་ཏེ།འཆི་བའི་གདུག་རྩུབ་ལ་མི་འཇིགས་སྙིང་སྟོབས་ཀྱིས་འཐབ་རྩོད་བརྒྱབ་པའི་གཏམ་རྒྱུད་དེ་བརྗོད་ཡོད་པར་བཤད། འཁྲབ་སྦྱོང་བྱས་ཚར་རྗེས་བཀྲ་ཤིས་རྡོ་རྗེས་འཁྲབ་སྟོན་པ་རྣམས་ཁྲིད་དེ། སྔ་ཕྱིར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར20ལྷག་ལ་འཁྲབ་སྟོན་བྱེད་དུ་སོང་། འཁྲབ་སྟོན་གྱི་གོ་རིམ་ཁྲོད་ནས་དཀའ་སྡུག་གང་མང་ལ་འཕྲད་ཀྱང་། འཁྲབ་སྟོན་པ་རྣམས་ཀྱིས་རྩལ་ཤུགས་ལྡབ་འགྱུར་གྱིས་སྤྲུགས་ཏེ་རྔུལ་ཆུ་དང་མིག་ཆུ་མཉམ་འདྲེས་ཀྱིས་འཁྲབ་སྟོན་བྱས་པ་ལ། ཕྱོགས་སོ་སོའི་ལྟ་མཁན་རྣམས་ཀྱི་ཡིད་ཀྱི་དང་བ་དྲངས་པའི་ཐལ་མོའི་རྡེབ་སྒྲ་དང་སེམས་འགུལ་ཐེབས་པའི་མིག་ཆུའི་བསྟོད་བསྔགས་མང་དུ་ཐོབ།

ཁོ་ཚོའི་འཁྲབ་སྟོན་ལེགས་འགྲུབ་ཆེན་པོ་བྱུང་ལ། བཀྲ་ཤིས་རྡོ་རྗེ་ཡང་ཟླ་བ་གསུམ་གྱི་རིང་གྲུབ་པའི་གླུ་གར་ཟློས་གར་བརྩམས་ཆོས་དེ་ལ་ཡིད་ཚིམ་ཡོད་དེ། ཁོས“བརྩམས་ཆོས་འདི་ནི་ངས་ཡུས་ཧྲུའུ་ལ་དྲིན་ལན་གཟོ་སྟངས་ཤིག་ཡིན་ལ། ཡུས་ཧྲུའུ་མི་དམངས་ཀྱིས་རྒྱལ་ཡོངས་ལ་དྲིན་གཟོ་ཞུ་སྟངས་ཤིག་ཀྱང་ཡིན”ཟེར། རྗེས་ནས《ཡུས་ཧྲུའུ་ཡིས་ནམ་ཡང་བརྗེད་མི་སྲིད》ཅེས་པར་མཚོ་སྔོན་ཞིང་ཆེན་གྱི“གཅིག་ཅན་ལྔའི་བཟོ་འགོད་བྱ་དགའ”ཐོབ།

གང་ལྟར། གླུ་གར་ཚོགས་པའི་ཚོགས་གཙོའི་འགན་ཁུར་ཏེ་ལོ15དང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ལོ30འདས་པའི་རིང་ལ། ཁོས་ཡུས་ཧྲུའུ་ཡི་རིག་གནས་ལས་དོན་ཐད་བློ་གཅིག་སེམས་གཅིག་གིས་འབད་པའི་གོམ་ཁ་ལྷོད་མ་མྱོང་། ཁོས་ཡུས་ཧྲུའུ་བསྐྱར་སྐྲུན་བྱས་ནས་ལོ་ངོ་བཅུ་ལྷག་འདས་པའི་རིང་ལ། གནས་འདིའི་ཕྱིའི་ཁོར་ཡུག་གི་འཛུགས་སྐྲུན་དང་མིའི་བསམ་པའི་འཁོར་སྟངས་གང་ལའང་འགྱུར་ལྡོག་ཆེན་པོ་བྱུང་འདུག མ་འོངས་པར་ཁོས་སྔར་བཞིན་དུ་ཐོག་མའི་བསམ་འདུན་མི་བརྗེད་པར། སྨྱུ་གུ་དང་བརྩེ་དུང་ལ་བརྟེན་ནས་མཉམ་སྒྲོག་རོལ་དབྱངས་ཤིག་གཙང་གསུམ་འབྱུང་ཡུལ་གྱི་ཡུས་ཧྲུའུ་སྟེ། རང་ཉིད་སྐྱོང་མཁན་གྱི་ས་གཞི་འདི་ལ་དྲིན་ལན་དུ་འབུལ་རྒྱུ་ཡིན་ཟེར། །