ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མང་ཚོགས་ཀྱི་སེམས་ལ་ངེས་སུ་འཇུག་དགོས།

ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱེད་བཞིན་པ།

2020ལོའི་ཟླ12པའི་ཚེས7ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་བདེ་ལེགས་སྡེ་ཁུལ་མདུན་གྱི་ཐང་ཆེན་དུ། འབྲོག་པ་ཚོ་སྔ་མོ་ནས་གནས་དེར་འཛོམས་ཏེ། སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྡེ་ཁུལ་དུ་བསྐྱོད་པའི་སྒྲོག་འགྲེལ་བྱ་འགུལ་སྤེལ་བར་བསྒུག་འདུག

སྔ་དྲོའི་དུས་ཚོད10ཡི་སྟེང་། སྒྲོག་འགྲེལ་བྱ་འགུལ་དངོས་སུ་མགོ་བརྩམས། ཆུ་དམར་ལེབ་རྫོང་གི་དུས་རབས་གསར་པའི་ཏང་ཨུའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཕགས་བསོད་ཀྱིས། “‘ལྔ་བཅུ་གསུམ’སྐབས་སུ་བླངས་པའི་འཕེལ་རྒྱས་དང་གྲུབ་འབྲས་ལ་རྫོང་ཡོངས་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་། ཆུ་དམར་ལེབ་རྫོང་དབུལ་ནག་ས་ཁུལ་ཞིག་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་མངོན་འགྱུར་བྱུང་ཞིང་། མང་ཚོགས་ཀྱི་འཚོ་བར་བདེ་སྡོད་ལས་བརྩོན་བྱུང་བ་འདི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད་པས། ང་ཚོས་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་བྱེད་དགོས”ཟེར།

དེ་རྗེས། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའོ་སྒྲོལ་མས་སྐད་སྦུག་བླངས་ནས་བཤད་རྒྱུར། “ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ‘ལོ་བརྒྱ་ཕྲག་གཉིས’ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་བསྣོལ་མཚམས་སུ་འགྲེངས་ཏེ། རང་རྒྱལ་གྱི་མ་འོངས་འཕེལ་རྒྱས་ཀྱི་བརྗིད་ཆགས་པའི་འཆར་འགོད་རི་མོ་བཞེངས་པ་དང་། འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རྣམ་པ་གསར་པ་བཏོད་པའི་རྩེ་རིམ་ཇུས་འགོད་བཟོས་པ་དེ་ལ། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་དུ་ཁྱོན་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན། དེ་རིང་ངས་བཤད་འདོད་པ་ནི་ཇི་ལྟར་ཆུ་དམར་ལེབ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ཡོད་གནས་བབ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ནས། ‘ལྔ་བཅུ་བཞི’ཡི་འཆར་འགོད་དམིགས་འབེན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་དེ་ཡིན།”

དུས་འདིར། ཐང་ཆེན་དུ་རུབ་པའི་མང་ཚོགས་ཇེ་མང་ནས་ཇེ་མང་དུ་གྱུར་པས། ཀུའོ་སྒྲོལ་མས་སྐད་གསང་ཇེ་མཐོར་བཏང་སྟེ། “ད་ལྟ‘ལྔ་བཅུ་གསུམ’གྱིས་ང་ཚོའི་ཆུ་དམར་ལེབ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག་ཡོད་ལ། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་གཅིག་བསྡུས་མཚོན་རྟགས་རེད། ང་ཚོས་ཡིན་གཅིག་མིན་གཉིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དགོས་ལ།‘རང་རྟོན་བཞི’བརྟན་པོར་བཏང་ན། ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་ཡོད།”

“བཤད་པ་ཧ་ཅང་བཟང་གི། དངོས་གནས་དྲང་གནས་རེད། དེ་རིང་ངས་མགོ་མཇུག་ཀུན་ལ་ཞིབ་ཏུ་མཉན་པ་ཡིན། བཤད་པ་ཚང་མ་གོ་ཆོད་ཏག་ཏག་རེད། སྲིད་ཇུས་ངོ་མ་བཟང་གི་ཡ། རྒས་སོང་ནའང་འཚོ་བའི་ཡོང་ཁུངས་ལ་འདང་རྒྱག་མི་དགོས། ང་ནི་ཆེས་བཟང་ཞིང་ཆེས་སྐྱིད་པའི་དུས་རབས་ལ་ཁེལ་སོང་བ་རེད།” རྒན་སྐྱོང་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱིན་པའི་སྐབས་སུ། དབུ་སྐྲ་དཀར་པོར་གྱུར་ཡོད་པའི་རྒན་པོ་ཞིག་གིས་མིག་ཤེལ་ཞིག་དལ་བ་དལ་བུས་མིག་མཐར་བསྐོན་ཞོར། ལག་ཏུ་སྨྱུ་གུ་ཐོགས་ཏེ་འབྲི་ཞོར་དང་འདོན་ཞོར་ཟིན་བྲིས་སུ་འདེབས་བཞིན་ཡོད།

“ངས་ཆེས་དོ་ཁུར་བྱེད་ས་ནི་སྤྱི་ཚོགས་འགན་སྲུང་ལ་འགྱུར་ལྡོག་བྱུང་ཡོད་མེད་དེ་ཡིན་ལ། དེའི་འཕྲོ་ནས་བྱིས་པ་སློབ་གྲྭར་སྐྱེལ་བའི་གནད་དོན་དེ་ཡིན་པས། དེའི་ཕྱོགས་ཀྱི་ཁེ་བཟང་སྲིད་ཇུས་འདྲ་ཡོད་དམ”ཞེས་ཁྱིམ་ཚང་སྡེ་ཁུལ་དུ་བསྡད་ཡོད་པའི་འབྲོག་པ་དཀོན་མཆོག་འཕྲིན་ལས་ཀྱིས་དེ་ལྟར་དྲིས། དུས་ཚོད་གཅིག་ལ་གཏན་འཁེལ་བྱས་ཡོད་པའི་སྒྲོག་འགྲེལ་དེ། སྡེ་ཁུལ་སྡོད་དམངས་ཀྱི་སྤྲོ་སེམས་འཁོལ་བའི་དྲི་བའི་ཁྲོད་ཧ་ལམ་དུས་ཚོད་གཉིས་ཙམ་ལ་ད་གཟོད་མཇུག་བསྡུས་ཤིང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་དྲི་བ་རེ་རེར་ནན་ཏན་གྱིས་ལན་བཏབ།

“ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་གྲུ་ཟུར་རེ་རེར་བསྐྱལ་རྒྱུ་ནི་ང་ཚོའི་ཐེངས་འདིའི་སྒྲོག་འགྲེལ་གྱི་དམིགས་འབེན་གཙོ་བོ་ཡིན་ལ། སྒྲོག་འགྲེལ་ཚོགས་པའི་ལས་བྱེད་པས་སྒྲོག་འགྲེལ་གྱི་ཕན་འབྲས་ཆེས་བཟང་པོ་ཡོང་ཆེད་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད། སྒྲོག་འགྲེལ་སྡེ་ཁུལ་དུ་བསྐྱོད་དགོས་པར་མ་ཟད། ད་དུང་སློབ་གྲྭ་དང་རྒན་གསོ་ཁང་སོགས་སུའང་བསྐྱོད་དགོས་ལ། སྒྲོག་འགྲེལ་གྱི་ཕན་འབྲས་མང་ཚོགས་ཀྱི་སེམས་སུ་ཟུག་ཏུ་བཅུག་སྟེ། ངེད་ཅག་གི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་པ་དང་། འཚོ་བ་སྔར་ལས་ཇེ་སྐྱིད་ཇེ་བདེར་འགྱུར་དུ་འཇུག་དགོས”ཆུ་དམར་ལེབ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཞི་ཧུང་གིས་དེ་ལྟར་བཤད། །