ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རང་ཞིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཐོད་རྒལ་གསར་པ་མངོན་འགྱུར་བྱུང་བ།

2020ལོའི་ཟླ12པའི་ཚེས6ཉིན། ཁ་བ་བབས་རྗེས་ཀྱི་ཨ་རིག་རྩྭ་ཐང་དུ་ནོར་ནག་གིས་རྩྭ་ཟ་བཞིན་པ།(མི་མེད་གནམ་གྲུས་བླངས་པའི་པར) དགུན་དུས་སུ། མཚོ་སྔོན་ཞིང་ཆེན་ཆི་ལེན་རྫོང་ཨ་རིག་ཞང་ཨ་རིག་རྩྭ་ཐང་ལ་ཁ་བས་གཡོགས་ཤིང་མཛེས་ཉམས་ངོམ། ཞིན་ཧྭ་གསར་འགྱུར་ཁང་གིས་བཀྲམ།

“ལྔ་བཅུ་གསུམ”གྱི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་ཞན་ཆར་ཁ་གསབ་དང་གཉོམ་ཆར་ཤུགས་སྣོན་བྱས་པདང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། ཆ་འཕྲིན་དྲ་རྒྱ་དང་ཆུ་བེད། གློག་ཤུགས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་འགྲོས་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་ཞིང་། གཙོ་གནད་ལས་གཞི་དང་བཟོ་འགོད་གནད་ཆེན་སྐོར་ཞིག་ཤུགས་བཏོན་ནས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས། “ལྔ་བཅུ་གསུམ”གྱི་སྔོན་མའི་ལོ་ངོ་བཞིའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་ཀྱིས13%འཕར་བ་དེ། ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་བའི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་ཆ4.7ལས་མཐོ་བ་དང་། 2016ལོ་ནས2018ལོའི་བར་གྱི་ལོ་གསུམ་རིང་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕར་ཚད་གྲངས་གནས་གཉིས་ཡན་དུ་སྲུང་འཛིན་བྱས་ཡོད་ལ། 2016ལོའི་འཕར་ཚད21.3%དུ་སླེབས་ཡོད། 2019ལོའི་ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་བཏང་ཚད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་བའི་བསྡུར་ཚད་ཀྱི47.7%ཟིན་པས། 2015ལོའི་བསྡུར་ཚད་ལས་བརྒྱ་ཆའི་ཆ11.9ཡིས་ཇེ་མཐོར་སོང་ཡོད།

ལོ་ལྔའི་རིང་ལ། རང་ཞིང་གིས་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་ཕལ་ཆེར་གྲུབ་པར་བྱས་ཡོད། “ལྔ་བཅུ་གསུམ”གྱི་དུས་སྐབས་སུ། ཟི་ལིང་གནམ་གྲུ་ཐང་གི་ཚོད་ལྟའི་དུས་རིམ་གསུམ་པ་དང་ཡུས་ཧྲུའུ་གནམ་གྲུ་ཐང་གི་བསྒྱུར་བཅོས་རྒྱ་བསྐྱེད་འཛུགས་སྐྲུན་བཟོ་འགོད་ལས་མགོ་བརྩམས་ཤིང་། མགོ་ལོག་དང་ཆི་ལེན་གནམ་གྲུ་ཐང་གི་མཁའ་ལམ་ཤར་གཏོང་བྱས། མཚོ་ནུབ་ཀྱི་གནམ་གྲུ་ཐང་གསུམ་པའི་ཐག་ཉེའི་འགྲིམ་འགྲུལ་ཕྱོགས་གཉིས་འཁོར་རྒྱུག་འཕུར་སྐྱོད་ཀྱིས། རྒྱལ་ནང་གི་མཐོ་སྒང་གནམ་གྲུ་ཐང་གི་མཁའ་ལམ་ཐག་ཉེའི་འགྲིམ་འགྲུལ་སྟོང་པའི་ཐོད་རྒལ་མངོན་འགྱུར་བྱས། 2019ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་འགྲུལ་ལམ་ཚད་སྤྱི་ལེ་ཁྲི16.71ལ་སླེབས་པ་དང་། 2015ལོའི་ལོ་མཇུག་ལས་སྤྱི་ལེ་ཁྲི7.44འཕར་ཡོད།

མྱུར་བགྲོད་གཞུང་ལམ་ཁུལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཞིང་། རྫོང་མཁར་ཡོངས་ལ་རིམ་པ་གཉིས་པའི་གཞུང་ལམ་ཤར་གཏོང་བྱས་ཡོད།2019ལོའི་ལོ་མཇུག་ཏུ་གཞུང་ལམ་ཤར་གཏོང་གི་ལམ་གྱི་རིང་ཚད་སྤྱི་ལེ་ཁྲི8.38ལ་སླེབས་ཡོད་པ་དང་།དེའི་ནང་དུ་མྱུར་བགྲོད་གཞུང་ལམ(རིམ་པ་དང་པོའི་གཞུང་ལམ་འདུས་ཡོད)སྤྱི་ལེ4040དང་། རིམ་པ་གཉིས་པའི་གཞུང་ལམ་སྤྱི་ལེ8717ཡོད།

ལོ་ལྔའི་རིང་ལ། རང་ཞིང་གི་གློག་ཤུགས་དང་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་གོམ་སྟབས་བརྟན་པོའི་ངང་སྐུལ་སྤེལ་བཏང་ཞིང་། “མཚོ་སྔོན་གྱི་གློག་ཧོ་ནན་དུ་སྐྱེལ་བ”ཡི་བཟོ་འགོད་མཐུད་སྦྲེལ་བྱུང་བ་དང་། འཇུ་ལག་ཆུ་བོ་རྨ་ཙོང་གཞོང་སར་འདྲེན་པའི་ནུབ་ཡུར་གཙོ་བོ་དང་། རྨ་ཆུའི་གཞུང་རྒྱུན་གྱི་འབྲུབ་འགོག་སོགས་ཀྱི་བཟོ་འགོད་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་སྤེལ་བྱས། “ལྔ་བཅུ་གསུམ”གྱི་སྔོན་མའི་ལོ་ངོ་བཞིའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གློག་ཤུགས་ཚ་ཤུགས་ཐོན་སྐྱེད་དང་མཁོ་འདོན་ལས་རིགས།ཆུ་བེད་དོ་དམ་ལས་རིགས་བཅས་ལ་མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་ཀྱིས་སོ་སོར9.8%དང30.5%འཕར་སྣོན་བྱུང་འདུག །