ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རང་ཉིད་ལས་བརྒལ་ནས་ཁྱད་འཕགས་ལ་བརྩོན་པ།

ཀྲའོ་ཧུའེ་ཧྥེང་གིས་བརྩམས། སྐལ་བཟང་ཚེ་རིང་གིས་བསྒྱུར།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་ལེན་དོན་འཁྱོལ་བྱེད་པ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐུབ་ཇུས་ཤུགས་ཆེན་པོས་སྐུལ་སྤེལ་བྱས་ཏེ། མཚོ་སྔོན་གྱི་ས་ཆེན་སྟེང་དུ་ལྗང་མདོག་འཕེལ་རྒྱས་ཀྱི“རླབས་ཕྲེང་དྲག་པོ”འཕྱུར་དུ་བཅུག འདི་ནི་གུང་ཧོ་རྫོང་བཏུལ་ཐང་གི་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་ནས་པར་བླངས་པའི་འོད་ཧྥུ་གློག་ཚིགས་རེད།

ཁྱད་དུ་འཕགས་པ་ནི་ཚད་ཤིང་ཞིག་མིན་པར། ནུས་ཤུགས་ཡོད་རྒུས་ད་ཡོད་ཀྱི་ཆ་རྐྱེན་འོག་ཆེས་ཡིད་དུ་འོང་བའི་རང་ཉིད་གསར་སྐྲུན་བྱ་རྒྱུ་དེ་ཡིན་ལ། དུས་མཉམ་དུ་རེ་སྙེག་བྱེད་པ་ཞིག་ཀྱང་ཡིན་ཏེ། རྒྱལ་ཁ་ལ་རེ་བ་དང་། འདས་སོང་ལ་འགྱོད་སེམས་གང་ཡང་མེད་པར་རེ་བ་ཞིག་ཡིན།

དེ་ནི་རང་ངོས་ཀྱི་ལེགས་ཆ་དང་ནུས་པ། དེ་མིན་བཀོལ་ཆོག་པའི་ཆ་རྐྱེན་ཀུན་པོ་གང་ལ་གང་འོས་ཀྱིས་བཀོལ་སྤྱོད་བླ་ལྷག་བྱས་པའི་རྣམ་པ་ཞིག་ཡིན།

ཡིན་ནའང་། དངོས་ཡོད་ཁྲོད་ཀྱི་སློབ་གྲོགས་མང་པོ་ཞིག་ལ་སྤྱིར་བག་ལ་ཞ་བའི་ནུས་པ་ཆེན་པོ་ཡོད་མོད། འོན་ཀྱང་སློབ་ཁྲིད་སྟེང་ནམ་རྒྱུན་བག་གཡེང་དང་། ལས་བྱལ་ནན་ཏན་མིན་པ། ནམ་ཡིན་ཡང་རྩེད་དགོད་ཁོ་ནར་གཡེང་བས། སྐར་འབྲས་མི་ལེགས་པའི་མཇུག་འབྲས་དེ་འདྲ་བྱུང་བ་རེད།

སློབ་མ་དེ་ལྟ་བུ་ནི་སློབ་ཐོན་བྱུང་ནས་སྤྱི་ཚོགས་ཁྲོད་སོང་ནའང་། ངན་གོམས་དེའི་དབང་གིས་རང་གི་འཕེལ་རྒྱས་ལ་བཀག་སྡོམ་ཐེབས་སྲིད།

ཁྱེད་ཀྱིས་རྒྱལ་ཁ་ཐོབ་མཁན་དང་ཕམ་ཁ་མྱོང་མཁན་གྱི་ཆེས་ཆེ་བའི་བར་ཁྱད་དེ་ཅི་ཡིན་པ་ཤེས་སམ། དེ་ནི་རྒྱལ་ཁ་ཐོབ་མཁན་དེས་ལས་གང་ཞིག་བསྒྲུབས་ཀྱང་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་དོན་གྱི་སྙིང་པོ་ལོན་པར་བྱེད་ལ། ཕམ་ཁ་མྱོང་མཁན་དེར་བློ་ཁོག་ཆེན་པོ་མེད་པའི་ཁར། ལས་གང་བྱས་ཀྱང་བློ་རྩེ་གཅིག་ཏུ་གཏད་མི་ཐུབ་པ་དང་། ལས་ཅི་ཞིག་བགྱིས་ཀྱང་གང་བྱུང་དེ་བྱུང་བྱེད་པ་རེད།

གལ་ཏེ་ང་ཚོ་རྒྱལ་ཁ་ལ་བསྙེག་འདོད་ཚེ། ལས་གང་ཞིག་ལ་འཇུག་ཀྱང་ལེགས་པའི་ཕྱོགས་ལ་རེ་བའི་རྣམ་འགྱུར་བཟུང་ནས། ཟམ་མི་ཆད་པར་རང་ཉིད་ཀྱི་རྒྱ་དེ་ལས་འགོང་བར་འབད་དགོས།

ལས་གང་ཞིག་བསྒྲུབས་ཀྱང་། ཡིད་ཚིམ་རྐྱང་བྱེད་པ་དང་། ཡང་ན་བར་དུ་ལས་མཚམས་བཞག་པ་ན། རྒྱལ་ཁ་ནམ་ཡང་ཐོབ་ཐབས་མེད།

བྱ་རྒྱལ་རྒོད་པོས་རང་གི་བོངས་ཆུང་བའི་ལུས་ཕུང་ལ་བརྟེན་ནས་སྤྲིན་པའི་བང་རིམ་རེ་རེ་གཏོར་བ་ན། ད་གཟོད་དགུང་ནམ་འཕང་བསྟད་ནས་འཕུར་ཐུབ་ཅིང་། ཉ་ལི་ཡུས་ཀྱིས་རང་གི་མཆོང་རྩལ་ལ་བརྟེན་ནས་ཆུ་ཕྲན་རེ་རེ་བརྒལ་བ་ན། ད་གཟོད་ལུང་མོན་འགག་ལས་ཐར་ནུས། མེ་ཏོག་པདྨས་དྲང་བདེན་མིན་པའི་ལས་དབང་ལ་འགྲན་བཙུགས་ནས། འདམ་གྱི་རིམ་པ་རེ་རེ་བརྟོལ་བ་ན། ད་གཟོད་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་རེད།

ཚེ་སྲོག་གི་ངོ་མཚར་དེ་དག་ལས་ང་ཚོས་ཤེས་ཐུབ་པ་ནི། རང་ཉིད་རང་གི་རྒྱ་ལས་ཐར་དགོས་ན། རང་གི་མི་མངོན་པའི་ནུས་པ་རྩད་ནས་ཕྱུངས་དགོས་པ་དེ་རེད།

ཨ་རིར་མིང་ལ་ཧའེ་སེ་ཧོའེ་ཐེ་ཧྲི་ཏུང་ཞེས་པའི་བུ་མོ་ཞིག་ཡོད་ལ། མོ་ལོ་གཅིག་དང་ཕྱེད་ཀར་སོན་སྐབས་འགོག་སྨན་ཞིག་བརྒྱབ་སྟེ་སྟབས་མ་ལེགས་པར་ཆུང་དུས་ནས་འོན་པར་གྱུར་ཏེ། ཕྱི་རོལ་གྱི་སྒྲ་གང་ཡང་ཐོས་ཐུབ་ཀྱི་མེད།

ཡིན་ཡང་། ཀུན་གྱི་བློ་ཡིད་ལས་འདས་པ་ཞིག་ལ། དེ་ལྟ་བུའི་བུ་མོ་ཞིག་གིས་གར་སྟེགས་སྟེང་པ་ལེ་ཞབས་བྲོའི་སྟངས་སྟབས་བསྒྱུར་ནས་ཡིད་དུ་འོང་བའི་བྲོ་འཁྲབ་ནུས་པར་མ་ཟད།རོལ་མོའི་དབྱངས་འགྲོས་དང་ཡོངས་སུ་མཐུན་པའི་གར་གྱི་འགྲོས་ཀྱིས་དེ་ཡོད་ཀྱི་མི་རྣམས་ཧང་སངས་པར་བྱས།

བུ་མོ་དེས་པ་ལེ་ཞབས་བྲོའི་འགྲོས་ལ་ཇི་ལྟར་བསྟུན་ཐུབ་པ་ཡིན་ནམ། དེ་ནི་མོས་རང་གི་མིག་ཟུང་གིས་རྣ་བའི་ཚབ་བྱས་ཏེ་གར་སྟེགས་སྟེང་གི་གློག་འོད་ཀྱི་འགྱུར་ལྡོག་ལ་བལྟས་ནས་ཉམས་འགྱུར་སྟོང་གིས་ཕྱུག་པའི་གར་གྱི་སྟངས་སྟབས་བསྒྱུར་བ་རེད་ལ། རང་ཉིད་ཀྱི་མིག་གིས་རྣ་བའི་ཚབ་བྱེད་ཐུབ་པར་མོར་ཡིད་ཆེས་ཡོད་པས་རེད།

དེ་ལྟར། མོས་བྲག་ལ་མདའ་ཟུག་པ་ལྟ་བུའི་བརྩོན་འགྲུས་ཆེན་པོའི་འོག ལོ་ཉེར་གཅིག་སྟེང“ཨ་རིའི་མཛེས་མ”ཡི་མིང་ཐོབ་བླངས་ནས་སྙན་གྲགས་འཛམ་གླིང་དུ་ཁྱབ་པ་རེད།

མི་ཚེའི་དཀའ་ཁག་རེ་རེར་གདོང་གཏོད་དུས། ཧའེ་སེ་ཧོའེ་ཐེ་ཧྲི་ཏུང་གིས་ཕྱིར་བཤོལ་མ་བྱས་ལ། རང་ཉིད་ཀྱི་ཕུགས་རེའི་རྒྱུན་ཡང་མ་བཏང་བར། སྙིང་རུས་ཆེན་པོས་ཅི་ཞིག་ལ“རང་ཉིད་ལས་བརྒལ་བ”ཟེར་བར་འགྲེལ་བཤད་བྱས་ཡོད། ལས་ངན་པའི་རང་ཉིད་ལས་ཐོད་རྒལ་བྱེད་དགོས་ན། མི་ཚེའི་དཀའ་སྡུག་རེ་རེར་བློ་ཁོག་ཆེན་པོས་གདོང་གཏད་བྱ་དགོས་ཤིང་། མཐའ་མཇུག་གི་རྒྱལ་ཁ་ནི་རང་ཉིད་ལ་འགྲན་འཛུགས་ཐུབ་མཁན་ལ་དབང་ངེས་རེད།

ཁྱད་འཕགས་ལ་བརྩོན་ཞིང་། རང་ཉིད་ལས་བརྒལ་དགོས་ན། ང་ཚོས་ཧུར་ཐག་གིས་མིག་སྔའི་རང་ཉིད་ལས་བརྒལ་ཏེ། མུ་མཐུད་དུ་སྔར་བས་མཐོ་བའི་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་དེ། མཐོ་ཚད་གསར་པར་འཛེག་ནས་མཐོང་ལམ་ཡངས་པར་བྱེད་དགོས།

ང་ཚོར་སྐྱེས་ཐོབ་ཀྱི་ཤེས་རབ་དང་ལས་དབང་ཡག་པོ་མེད་སྲིད་ལ། རང་གི་དམིགས་འབེན་དེ་འགྲུབ་མི་ཐུབ་པའང་སྲིད་མོད། འོན་ཀྱང་ང་ཚོས་རང་ཉིད་རང་གི་རྒྱ་ལས་བརྒལ་བར་བྱས་ཆོག དཔེར་ན། བློ་ལ་ངེས་དཀའ་བའི་དབྱིན་ཡིག་སློབ་ཚན་ཞིག་ཡིད་ལ་འཛིན་པ་དང་། གྲངས་རིག་གི་དཀའ་གནད་རྩིས་གཞི་ཞིག་འགྲོལ་བ། དཀའ་ཁག་ཅིག་ཁྱད་དུ་བསད་དེ་དམིགས་ཡུལ་ཞིག་མངོན་འགྱུར་བྱེད་པ་སོགས་རེད།

ཁྱད་འཕགས་ལ་བརྩོན་ཞིང་། རང་ཉིད་ལས་བརྒལ་དགོས་པ་དེའང་།ང་ཚོས་བསམ་བཞིན་པའི་དེ་འདྲའི་དཀའ་ཁག་ཅན་ཞིག་ག་ལ་ཡིན་ཏེ། ཉིན་རེར་ཡར་རྒྱས་ཏོག་ཙམ་ཡོང་བ་དེ་ཡང་ཐོད་རྒལ་ཞིག་ཅི་ལ་མིན། གལ་ཏེ་ཁྱོད་ཀྱིས་རང་ཉིད་ཕུལ་དུ་བྱུང་བ་ཞིག་ཏུ་བརྩོན་ཚེ། རང་ཉིད་ཀྱི་ནུས་པ་ཡོད་རྒུ་འདོན་ངེས་ལ། གལ་ཏེ་ཁྱོད་ལ་ཁྱོད་ཀྱི་དམིགས་ཡུལ་དེར་སླེབ་པའི་སྙིང་རུས་དང་བློ་སྟོབས་ཡོད་ན། ཁྱོད་ལ་རྒྱལ་ཁ་ཐོབ་ངེས་ཡིན།

མི་ཞིག་གི་ཚེ་གང་གི་དགྲ་བོ་ཆེ་ཤོས་ནི་རང་ཉིད་ཡིན། རང་ཉིད་ལས་བརྒལ་ཐུབ་ན། གཟོད་ནས་རང་གི་མི་ཚེ་འོད་སྟོང་ལྡན་པར་འགྱུར་ལ། རང་ཉིད་ལས་བརྒལ་ཐུབ་ན། ཚེ་སྲོག་གི་དོན་སྙིང་མཐོང་ཐུབ། ང་ཚོས་མི་ཚེའི་ཁྲོད་ཀྱི་འགྲན་རྩོད་རེ་རེ་གདོང་གིས་བསུས་ནས། ལང་ཚོར་མཛེས་པ་བསྐྲུན་པ་དང་།འདུན་མར་ཚོན་མདངས་བསྒོ་བ། སང་ཉིན་ལ་རེ་འབོད་བཅས་བྱ་དགོས། །

བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན།