ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

དབྱངས་ཀྱི་སོར་རྩེ།

ཡུས་ཧྲུའུ། ཁམས་པ་རབ་དབྱངས།

ཚིག་རྒྱན་སིལ་མའི་སྒྲ་དབྱངས་ལ། །

སྙན་ཚིག་མེ་ཏོག་ཕྲེང་བ་བཀྲ། །

ལྗོན་པ་གཡོ་བའི་ལོ་འདབ་ལ། །

ཁྱེད་ཀྱི་དྲི་བསུང་ངད་པ་འཐུལ། །

མཛེས་སྡུག་ཤེལ་གྱི་ལྷུན་པོ་ལ། །

ཀུན་ཏུ་དགའ་བའི་དཔལ་ལ་དགྱེས། །

ངག་རིག་འཇོ་བའི་ཚངས་སྤྱོད་མ། །

འཆི་མེད་ལམ་གྱི་མེ་ཏོག་བཞིན། །

དམིགས་མེད་བརྩེ་བའི་ལྷ་མོ་ཁྱེད། །

བྱིན་རླབས་འོད་ཀྱི་སྤྲིན་རྣམས་འཕྲོ། །

གཅིག་ཏུ་བསྡུས་པའི་གསང་གསུམ་དག །

ཚུལ་བཞིན་བྱོན་པའི་ལྷ་མོ་མཆོག །

ལང་ཚོ་མཛེས་པའི་གཞོན་ནུ་མ། །

མཆོག་ལྡན་འཕགས་མ་ལྷ་ཡི་ཟླ། །

བརྩེ་ཆེན་བྱམས་པའི་རང་ཞལ་ལ། །

རིག་བྱེད་ངག་གི་དབྱངས་རྟ་གྲོལ། །

སྣ་ཚོགས་འདུ་འཛི་གླིང་བུ་ལ། །

ཤིས་ཚིག་ཁྱེར་བའི་མཆོག་ལྡན་མ། །

གཉུག་མའི་སེམས་ཉིད་བླངས་གྱུར་ན། །

ཤིན་ཏུ་དགའ་བའི་དཔལ་ལ་དགྱེས། །

རབ་མཛེས་ལྷོ་ཡི་སྤྲིན་དཀར་འདི། །

མཛེས་འཛུམ་ལང་ཚོ་ཡིད་ལ་འཁྱུད། །

རྩོམ་པའི་ལེགས་བཤད་སྙན་མོ་འདི། །

ཚིག་གི་མེ་ཏོག་ཕུང་པོ་ཡིན། །

ཚིག་གཏེར་ངག་གི་རླབས་མཚོ་ལ། །

ཚིག་གི་འདུ་བྱེད་ཞི་བར་འཕྲོས། །

རྗེས་ཆགས་བརྩེ་བའི་ལྷ་མོ་ཉིད། །

མགྲིན་པ་དབྱངས་ལ་སིམ་པ་ན། །

ཟབ་དོན་དབྱངས་ལ་ཉེ་བར་དྲངས། །

ཡིད་འགྱུ་སྣང་བའི་སྤྲིན་འཕྲོ་ལ། །

ཀུན་ཡིད་ཚིམས་པའི་རིག་བྱེད་འདི། །

དཀྲོལ་བའི་བྱེད་པོ་ཁྱེད་ཉིད་ཙམ། །

ཀུན་རྨོངས་དཀྲོགས་པའི་བརྡ་མཚོན་དུ། །

དེ་བཞིན་ཉིད་ཀྱི་གླུ་དབྱངས་ལ། །

མ་འགག་དབྱངས་ཀྱི་བརྡ་ཐབས་ཤར། །