ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཟུང་ལྡན་ཡི་གེས་སྐྱོར་བའི་ཆིག་ལབ་།

རྨ་ལྷོ། ངྷ་ན་ཀོ་ཤ

འབོལ་འབོལ་སྤྲིན་དཀར་འདབ་མས་བཀྱགས་པ་སྔོ་བསངས་བུ་མོའི་ཞལ་རས་གསལ། །

གསལ་གསལ་ཉི་ཟླ་སྐར་མ་གསུམ་སྟེ་བྲང་གཞུང་རྒྱན་གོར་འོད་དུ་འཚེར།

འཚེར་འཚེར་རྡུལ་ཟེར་ཀྲིག་ཀྲིག་ཟགས་པ་དོག་མོ་ས་ཡི་གཡང་དུ་འཁྱིལ། །

འཁྱིལ་འཁྱིལ་མེར་མེར་འདོད་ཡོན་ལོངས་སྤྱོད་འཇིག་རྟེན་བྱེད་པོས་ཕབ་པ་འདྲ། །

འདྲ་འདྲ་བསོད་ནམས་ཀློང་དུ་བརྡོལ་འདྲ་དབང་པོ་སྒོ་ལྔས་ལེགས་སྤྱད་ཚེ། །

ཚེ་ཚེ་ཚེ་རབས་གཏན་དུ་འདང་བའི་བཅུད་ལེན་དངོས་གྲུབ་ཁ་རླངས་མ། །

མ་མ་མ་བསྒོམས་ངང་གིས་ལྷུན་གྱིས་རི་ནས་མཚོ་ལ་ལུད་འོང་ན། །

ན་ན་ཚ་ཚའི་མེད་མུག་སྨྲེ་སྔགས་ལུང་གསུམ་མདོ་ནས་གདོན་དོན་མེད། །

མེད་མེད་འདོད་པར་ཚིམས་པ་མེད་དེ་སྣང་སྲིད་ཅིག་ཅར་མིད་འདོད་པ། །

པ་པ་གོ་གོའི་རོ་བཅུད་བསྐྱུར་ནས་ཉ་ཉེའུར་འཐམ་པའི་ཧམ་ཤེད་དེ། །

དེ་དེ་སྲོལ་ཀ་རྨང་ནས་འཆོལ་ཏེ་གཞན་མཆིལ་ལྡག་པའི་ཁྲེལ་འདས་སུ། །

སུ་སུ་གང་དག་བགྲང་བར་བྱེད་ན་ད་ནས་ཚོད་ཅིག་ཨེ་ཟིན་ལྟོས། །

ལྟོས་ལྟོས་སྔ་རབས་སྐྱེས་ཆེན་མང་པོས་ལྟོ་གོས་གཏམ་ལ་གྱོང་བསྐུར་ནས། །

ནས་ནས་ནས་འབྲུ་རྡོག་རེའི་རིན་གྱིས་མི་ཚེའི་དོན་གྱི་གནད་ཟིན་ཕྱིར། །

ཕྱིར་ཕྱིར་འཁོར་བའི་ཞེན་པ་ལྡོག་ཅིང་མདུན་སྣང་འཕྲང་འགག་ཐོད་བརྒལ་གྱིས། །

གྱིས་གྱིས་གཞན་གྱིས་སྐུལ་བ་མ་ལགས་ཐར་ལམ་རང་བློའི་རྩལ་གྱིས་བཙལ། །

བཙལ་བཙལ་ཐ་མར་དཀོན་པའི་ནོར་ཏེ་བྱང་ཆུབ་མཆོག་གི་སེམས་རྙེད་པས། །

པས་པས་རྒྱུ་མཚན་མང་དུ་མ་ངེས་རྡོ་ལ་བཞེངས་པའི་དན་རྟགས་དེས། །

དེས་དེས་དེས་པ་ངང་རྒྱུད་འཇམ་ཞིང་དཀྱེལ་ཆེའི་བློ་མིག་ཆེར་ཕྱེས་ཤིང་། །

ཤིང་ཤིང་རེངས་པའི་གཟུགས་ཙམ་མ་ཡིན་ལྕིག་ལྕིག་ཕན་བདེའི་ཉམས་འགྱུར་རྫོགས། །

རྫོགས་རྫོགས་བསྐལ་པ་རྫོགས་ལྡན་དུས་ཏེ་ཆོས་ནོར་འདོད་བདེར་ཕྱོགས་པའི་དུས། །

དུས་དུས་འདའ་བ་ཕངས་པ་མེད་པར་འཇིག་རྟེན་ཆོས་བརྒྱད་འབའ་ཞིག་ལ། །

ལ་ལ་མ་ཡིན་ཐམས་ཅད་ཆགས་ན་ཡུལ་ལུང་ཁམས་ཀུན་རྨོངས་གྱུར་ཏེ། །

ཏེ་ཏེ་ནེ་ནེའི་གླེན་ལྐུགས་ཁྲོད་ནས་བྱོལ་སོང་ཁྱུ་ཞིག་འཕེལ་ཉེན་ཡོད། །

ཡོད་ཡོད་འདྲ་བ་ཟང་ཟིང་ནོར་གྱིས་འཕྲལ་གྱི་འདོད་པ་ཚིམས་ན་ཡང་། །

ཡང་ཡང་བསམས་ན་སྙིང་པོ་ཅི་མཆིས་ཕུགས་ཀྱི་འདུན་པ་མ་འཇོན་ཞིང་། །

ཞིང་ཞིང་བསྐྱུར་ནས་རྒྱ་ཁ་རོང་གཞི་ཡུལ་དང་ཡུལ་མིན་ཉུལ་ཉུལ་མཐར། །

མཐར་མཐར་གཏུགས་པའི་རྒྱགས་ཕྱེ་འཛད་དེ་གར་འགྲོ་ངེས་མེད་སྤྲང་པོ་བཞིན། །

བཞིན་བཞིན་འཛུམ་པ་སྐྱི་ཤ་འདར་བས་ཁྱོད་དང་ང་ཡི་བློ་མིག་ཕྲོགས། །

ཕྲོགས་ཕྲོགས་མྱོས་མཐར་ཤུབས་ཀྱི་སྲིན་ལག་རུམ་གྱི་མཛོད་ལ་བསྲིངས་ནས་ནི། །

ནི་ནི་ནི་གུ་ཤ་རྡོག་ཙམ་ཡང་ཤུལ་ནས་འཇོག་པའི་སེམས་མེད་ཐལ། །

ཐལ་ཐལ་རྒན་མོ་གསེར་ཁུར་དུས་ཐལ་ཆོམ་རྐུན་དགྲ་བོར་བག་ཟོན་མཛོད། །

མཛོད་མཛོད་མཛོད་ཀྱི་གླེགས་བམ་མ་སྐྱུར་རས་གཞི་སེར་པོའི་ཞལ་ཕྱེས་དང་། །

དང་དང་དོད་དོད་ཚིག་དོན་མ་ལུས་སེམས་ཀྱི་ཞིང་སར་གཟུག་པར་འབད། །

འབད་འབད་འབུང་འབུང་དད་པའི་སྟོབས་ཀྱིས་དཀར་པོའི་ཆོས་ཀྱི་བདུད་རྩི་རང་། །

རང་རང་སོ་སོའི་རྒྱུད་དུ་སྨིན་དུས་བདེ་སྐྱིད་གཞན་ཞིག་ཡོད་དམ་ཅི། །

ཅི་ཅི་གང་ཡིན་དམིགས་རྟེན་མེད་པར་དུག་གསུམ་སྨྱོ་ཆུས་མྱོས་པ་ང་། །

ང་ང་ཞེས་པའི་ངར་འཛིན་བློ་ཡིས་འཚམ་དང་མི་འཚམ་ཁྲིར་འགྱིང་བ། །

བ་བ་བ་གླང་བརྟུལ་ཞུགས་འཛིན་ལས་གང་ཡང་མིན་པའི་འགྱོད་རྟགས་ཤིག །

ཤིག་ཤིག་སྙིང་དབུས་གདན་ནས་འདར་དུས་བྲང་མགོར་བསྙབས་པ་ཉུང་ཉུང་མིན། །

མིན་མིན་ཡིན་མདོག་སྟོན་ལ་དགའ་བ་དེང་རབས་དུས་ཀྱི་སྙིགས་འབུའི་ཚོགས། །

ཚོགས་ཚོགས་དྲ་འཕྲིན་གཟེབ་ཏུ་འཚངས་ནས་མི་ཚེའི་དོན་སྙིང་གླེང་ཁུལ་བྱས། །

བྱས་བྱས་དགོད་བྲོའི་གཏམ་དུ་ཟད་དེ་རང་འགྱེལ་གཞན་ཞིག་སྐྱོབ་པར་རྩོམ། །

རྩོམ་རྩོམ་མགོ་རྩོམ་རང་རྒྱུད་འཆོས་ན་ད་གཟོད་གཞན་གྱིས་བཅོལ་པ་འགྲུབ། །

འགྲུབ་འགྲུབ་མ་འགྲུབ་སེམས་ལ་དྲིས་དང་སེམས་ཉིད་བསླུ་བ་མེད་པ་ཉིད། །

ཉིད་ཉིད་གཅིག་པུ་གདོང་སྣར་བུད་ནས་གཡོ་མེད་ཡུན་རིང་འགྲེང་བའི་རྗེས། །

རྗེས་རྗེས་ཟིན་མེད་རྐང་པ་བཞག་སར་བསུབས་མེད་ཤུལ་ཞིག་ཨེ་མཐོང་སྒོམ། །

སྒོམ་སྒོམ་མཐའ་མར་ཅི་ཡང་མ་རྙེད་སྣང་སྟོང་དབྱེར་མེད་རླུང་གིས་ཁུར། །

ཁུར་ཁུར་ཁུར་པོ་ལྕི་མོ་མ་ཁུར་ཡང་མོའི་གོམ་པ་སྤོས་སོང་བས། །

བས་བས་བས་མཐའ་ཟད་པའི་གྲོང་ནས་གནོན་ཤུགས་རི་ཆེན་ཉིལ་ཉིན་ལ། །

ལ་ལ་ལ་མོ་འཇིག་རྟེན་གླུ་གཞས་ངག་གི་དབྱངས་རྟས་མ་འཁྲོལ་བར། །

བར་བར་ལྡིང་ཞིང་མཚམས་མཚམས་འཇགས་པ་ཡ་མ་གཟུགས་ཀྱི་ཟློས་གར་འཁྲབ། །

འཁྲབ་འཁྲབ་རེ་དོགས་གར་སྟེགས་ཐང་ནས་མི་ཚེ་བསྐྱལ་བའི་བརྒྱུད་རིམ་དུ། །

དུ་དུ་དུ་མའི་ལྷམ་ཀྲད་རལ་ཅིང་ཞྭ་མོའི་ལོང་རྒྱུན་ཆད་ན་ཡང་། །

ཡང་ཡང་ལས་འཕྲོའི་སྟངས་སྟབས་བསྒྱུར་ནས་བདེ་འབྲས་གཟེངས་རྟགས་འཐོབ་པར་འདོད། །

འདོད་འདོད་འདོད་པའི་འགོང་ཁ་བརྒྱངས་ན་ལུས་སེམས་གཉིས་ཀ་གཞི་ནས་ངལ། །

ངལ་ངལ་དུབ་དུབ་འཁོར་བའི་ཀློང་ནས་ཐོབ་ཤོར་རྩིས་ཁྲ་བཤེར་བའི་ཉིན། །

ཉིན་ཉིན་མཚན་མཚན་མཛུབ་མོ་བཀུག་ནས་རྡེའུ་དཀར་ནག་སྒྲུག་པའི་སྐབས། །

སྐབས་སྐབས་མིག་ཕྱེ་ལན་རེར་བསྒོམས་ནས་རྡོག་དྲིལ་སྐྱེས་ཤིག་འཐོབ་ལ་རེ། །

རེ་རེ་རེ་བའི་ཕྲེང་ཐག་བར་ནས་གཉོམ་གཉོམ་ཚེ་སྲོག་སེར་ཁས་ཁེངས། །

ཁེངས་ཁེངས་ཁེངས་ཉམས་མཁའ་ལ་བསྟན་ནས་ཀུན་ལས་མཐོ་བའི་འཕྲུལ་སྣང་སྐྱེས། །

སྐྱེས་སྐྱེས་བཙུགས་བཙུགས་བདག་གིས་བྱས་ཞེས་བྱས་རྗེས་གཞན་ལས་འཕགས་པར་ལབ། །

ལབ་ལབ་སྟོང་ལབ་སྲིད་པའི་འཁོར་ལོ་ལག་པའི་མཐིལ་ནས་གྲིལ་རབས་བཤད། །

བཤད་བཤད་བྱས་བྱས་རྩེད་མོའི་ཚུལ་ཏེ་ཕྱི་མིག་ཀློང་ན་ངུ་མ་དགོད། །