ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

(པར་ངོས15པར་མཐུད་པ།)

ཞོགས་པ་དེར། ས་གཞི་ད་དུང་སྟོན་མཇུག་གི་གྲང་ངར་ཁྲོད་གཉིད་དུ་ཡུར་ཞིང་། ཉེ་རིང་གི་རི་ཀླུང་ཐམས་ཅད་བ་མོ་སྲབ་མོ་ཞིག་གིས་ཀུན་ནས་བཀླུབས་འདུག ལྷས་འདབས་སུ་བྱེའུ་ཁྱུ་ཞིག་གིས་ཀྱ་ཀྱུར་གྱི་སྐད་སྙན་སྒྲོག་བཞིན་ཕྲ་ལ་རྣོ་བའི་མཆུ་ཏོས་ཁོམ་ལོང་མེད་པར་རྒུམ་བུ་འཐུ་བཞིན་མཆིས་ལ། སྐབས་རེར་དངངས་སྐྲག་གི་གཤོག་སྒྲ་དང་བཅས་གནམ་ལ་འཕུར་ཞིང་། ལྡིང་སྐོར་ཁ་ཤས་ཀྱི་རྗེས་སུ་ཡང་བསྐྱར་ས་ངོས་སུ་བབས་ཡོང་། ཁྱིམ་བདག་ཚང་གི་དུད་པ་ནི་གནམ་ས་སྦྲེལ་བྱེད་ཀྱི་ཁ་བཏགས་ཤིག་དང་འདྲ་བར་དགུང་ལ་བསྲིངས་ཤིང་། མཁའ་དབུགས་ཁྲོད་དུ་ཨོང་བའི་དུ་དྲི་ཞིམ་པོ་ཞིག་གིས་ཡོངས་སུ་ཁྱབ་འདུག

སྐབས་དེར། བདག་པོས་ལག་ཏུ་ཞགས་པ་ཞིག་ཐོགས་ནས་ལྷས་རའི་སྒོར་སླེབས་ཤིང་། ལྷས་རར་བག་ཕེབས་ངང་ཉལ་བའི་ལུག་ཁྱུ་འཚུབ་ཆ་དང་བཅས་ཡར་ལངས་ཤིང་ལྷས་རའི་གྲུ་ཕུགས་སུ་འཚང་ཁ་རྒྱག་ཞོར། གཉིད་མ་སད་ཀྱི་མིག་མདངས་ཀྱིས་བདག་པོའི་རྣམ་འགྱུར་དང་ལག་གི་ཞགས་པ་ལ་ལྷོད་གཡེང་མེད་པར་ཅེར་འདུག བདག་པོ་ཐག་ཇེ་ཉེར་བཏུད་པ་དང་བསྟུན་ནས་ལུག་ཁྱུའི་འཚང་ཁ་ཇེ་ཆེར་གྱུར་པ་དང་། ངས་ཨ་མའི་མངལ་ནས་ཀྱང་ལུག་ཁྱུའི་དབུགས་ལེན་པར་དཀའ་བའི་འཇིགས་སྐྲག་དང་དངངས་འཚབ་ཚོར་འོངས་ཤིང་། ཨ་མས་ང་རང་འཚང་ཁའི་ཁྲོད་གཅུར་བར་དོགས་ནས་ལུག་ཁྱུའི་མཐའ་རུ་འགྲེང་ནས་བསྡད།

བདག་པོའི་མིག་མདངས་ཀྱིས་ལུག་ཁྱུའི་ཁྲོད་ཞིབ་ལྟ་བྱས་ཤིང་། འཇིགས་སྣང་གིས་ཁེངས་པའི་ལུག་རྣམས་བདག་པོའི་མིག་འོག་ནས་གཞའ་ཅི་ཐུབ་བྱེད་ཅིང་། འཚང་ཁའི་ཁྲོད་དུ་ལུག་རྣམས་ཀྱི་དྲན་ཤེས་སུ་སྔོན་ཆད་ཐེངས་མང་པོར་བརྒྱུད་མྱོང་བའི་རྣམ་པ་ཞིག་ཝ་ལེར་ཤར་སོང་། དེ་ནི་དེ་རིང་འདྲ་བའི་ཞོགས་པ་གང་མང་ཞིག་ལ་བདག་པོས་ཞགས་ཐག་གིས་ལུག་ཁྱུའི་ཁྲོད་ཀྱི་ཤ་ཤེད་འཛོམས་པའི་ལུག་རེ་ཁྲིད་འགྲོ་ལ། ཁྲིད་སོང་བའི་ལུག་དེ་གཏན་ནས་ཕྱིར་ཡོང་མེད་འགྲོ།

ཡུད་ཙམ་འགོར་རྗེས། བདག་པོའི་མིག་ཞགས་ལུག་ཁྱུའི་མཐའ་ན་འགྲེང་བའི་ཨ་མའི་སྟེང་ལ་བབས་པས། ངས་ལྟིག་ལྟིག་ཏུ་ལྡིང་བའི་ཨ་མའི་སྙིང་གི་འཕར་ལྡིང་ཐོས་བྱུང་། ཨ་མས་རང་གི་གནས་བབ་མི་ལེགས་པ་ཤེས་པ་དང་ཆབས་ཅིག བྲེལ་མྱུར་གྱིས་ལུག་ཁྱུའི་ཁོངས་ལ་འཛུལ་བསམས་ཀྱང་བདག་པོའི་ཞགས་པ་ནི་འཆི་བདག་གི་སྡེར་སེན་དང་འདྲ་བར་ཡོ་བ་མེད་པར་ཨ་མའི་རྭ་མགོར་བསྐོན་སོང་ལ། ཨ་མས་ཇི་ལྟར་འཐེན་ཡང་གནམ་ལ་སྐས་འཛུགས་པ་ཇི་བཞིན་འབྲས་མེད་དུ་གྱུར་པས། བདག་པོ་ཨ་མའི་སྐེ་ལ་བཞོན་ཏེ་ཁྱིམ་གྱི་སྒོ་འགྲམ་དུ་དྲུད་སོང་།

འཆི་བའི་མདུན་དུ་སྐྱེ་འགྲོ་སུ་ལའང་བཤད་མི་ཤེས་པའི་འཇིགས་སྐྲག་ཅིག་ཡོད་ངེས་ཏེ། ཐ་ན་ད་དུང་འཇིག་རྟེན་འདིར་མ་སླེབས་པའི་ངས་ཀྱང་ཨ་མའི་སྙིང་གི་འཕར་ལྡིང་དང་དབུགས་ཀྱི་འབྱིན་རྔུབ་ལས་འཆི་བའི་འཇིགས་སྐྲག་དང་གསོན་པའི་རེ་བ་ཚོར་འོངས། ལྷས་འདབས་ནས་ཁྱིམ་གྱི་སྒོ་འགྲམ་བར་གྱི་ཐུང་ལ་རིང་བའི་ལམ་ཐག་ཏུ། ཨ་མས་སུག་བཞི་ས་ལ་བརྡབས་ཏེ་ལུས་ཤུགས་ཡོད་ཚད་ཀྱིས་རྗེས་ལ་འཐེན་ཡང་། བདག་པོས་ཨུ་ཚུགས་ཀྱིས་སྔུན་དུ་དྲུད་པས། ཨ་མས་བདག་པོའི་འཐེན་ཤུགས་ཀྱི་དོ་ཡ་མ་ཡོང་བར་མཐར་སྒོ་འགྲམ་དུ་དྲུད་སོང་ལ། ཨ་མའི་རྨིག་རྗེས་ཀྱི་ས་ངོས་སུ་ལམ་ཐིག་རྐྱ་མ་གཉིས་གསལ་ལེར་ཕབ་འདུག

ཁྱིམ་དུ་བདག་མོས་བཤས་གྲི་བརྡར་ཏེ་གྲ་སྒྲིག་བྱེད་ཀྱིན་འདུག་ལ། སྒོ་འགྲམ་དུ་དབུ་སྐྲ་དུང་ལྟར་དཀར་ཞིང་གདོང་ཡོངས་གཉེར་མས་ཟིན་པའི་རྒད་པོ་ཞིག་ཙོག་པུར་བསྡད་དེ་འཁོར་ལོ་སྐོར་ཞོར་ངག་ལས་ཅི་ཞིག་མཚམས་མེད་དུ་ཟློ་བཞིན་འདུག བདག་པོས་ཨ་མ་པུས་མོའི་འོག་མནན་ཏེ་ཞགས་ཐག་གིས་ཨ་མའི་རྐང་ལག་གསུམ་དམ་པོར་བཀྱིགས་ཤིང་། ཐག་སྣེ་གཅིག་གིས་ཨ་མའི་མཆུ་ལུ་བསྡམས་བྱུང་། ཨ་མས་དབུགས་འབྱིན་རྔུབ་བྱེད་མ་ཐུབ་པས། འགུལ་ཐུབ་པའི་རྐང་པ་ཡ་གཅིག་གིས་འཕག་འཚག་བར་མེད་དུ་བརྒྱབ་ཀྱང་། རྐང་པ་གཅིག་གིས་འཆི་བདག་ལ་ངོ་ཡ་བྱེད་པ་ནི་ཅི་འདྲའི་ཉམ་ཐག་པ་ཞིག་རེད་ཨང་།

སྐབས་དེར། ཨ་མས་ཤར་ཕྱོགས་ཀྱི་རི་རྩེ་ནས་ཡུན་གྱིས་ཡར་འཕགས་ཀྱིན་པའི་ཞོགས་པའི་ཉི་རྩེ་མཐོང་བ་དང་། ཁོ་མོས་ཚེ་འདིར་ཐེངས་དང་པོར་ཉི་མ་ནི་དམྱལ་བ་ན་ལྷོག་ལྷོག་ཏུ་འཕྱུར་བའི་མེ་ལྕེ་ཇི་བཞིན་ཚ་གདུག་ཆེ་བ་ཞིག་ཡིན་པར་སེམས་ལ། ཚ་དྲོད་དེས་ཁོ་མོའི་མིག་ཟུང་ལ་བཟོད་དཀའ་བའི་ན་ཟུག་ཅིག་བྱིན་པས་ཚ་ལམ་ལམ་གྱི་མིག་ཆུའི་རྡོག་པ་ཆ་ཤས་མིག་ཀོང་ནས་གདོང་བ་བརྒྱུད་དེ་ས་ངོས་སུ་དྲིལ་སོང་།

ཨ་མའི་དབུགས་ཇེ་གཉོམ་དུ་གྱུར་པ་དང་བསྟུན་ནས། ངས་ཀྱང་དབུགས་ལེན་དཀའ་བར་གྱུར་པ་དང་། སྐྱེ་བའི་ཚོར་བ་མྱངས་མ་མྱོང་བའི་ངས་ཀྱང་འཆི་བའི་གོམ་སྒྲ་རང་ཉིད་དང་ཉེ་བར་བཅར་བཞིན་པ་ཚོར་བས། ཨ་མའི་བྲང་ཁོག་ཏུ་འགྲེ་ལྡོག་བརྒྱབ་པ་ཡིན། སྐབས་འདིར། བདག་མོས་ཅི་ཞིག་ཚོར་སོང་བ་ལྟར་ཨ་མའི་གམ་དུ་སླེབས་ཤིང་ཨ་མའི་ནུ་མ་ལ་རག་ཙམ་བྱས་རྗེས། བྲེལ་མྱུར་ངང་བདག་པོ་ལ“མ་མོ་འདི་བཤའ་མི་ཉན་གི། ཁྱོད་ཀྱིས་ལྟོས་དང་། ནུ་མའི་ནང་ལ་འོ་མ་བབས་འདུག ཕྲུ་གུ་བཙའ་བར་ཐག་རིང་རྒྱུ་མ་རེད། འདི་བཤས་ན་སྡིག་པ་གཅིག་གི་སྟེང་ལ་གཉིས་མ་རེད་དམ”ཟེར། བདག་པོས་སོམ་ཉིའི་ངང་ནུ་མ་ལ་རག་ཙམ་བྱས་རྗེས། “བླ་མ་དཀོན་མཆོག་མཁྱེན། ཉེས་པ་བསགས་ནི་རེད”ཅེས་ཁེར་བཤད་བྱེད་ཞོར་མྱུར་བར་ཨ་མའི་མཆུ་ལུའི་སྟེང་གི་ཐག་པ་ལྷོད་བྱུང་།

ངས་དབུགས་ལེན་ཐུབ་པ་བྱུང་བས། འགྲེ་ལྡོག་བྱེད་མཚམས་བཞག་པ་ཡིན།

ཨ་མས་རེ་ཞིག་ཁ་གདངས་ཤིང་མིག་བཙུམས་ནས་སྡོད་པ་ལས། གྲག་འགུལ་ཅི་ཡང་མེད་པར་གྱུར་སོང་། ཁོ་མོར་མཚོན་ན་གློ་བུར་དུ་དབུགས་འཚུབ་པ་དང་གྲོད་པ་སྦོས་པར་བྱེད་པའི་མཆུ་འགྲམ་གྱི་ཐག་པ་དེ་འཇའ་ལྟར་ཡལ་བ་དང་ཆབས་ཅིག ད་ལྟ་དྭངས་གཙང་གི་མཁའ་དབུགས་རྔུབ་པའམ། ཉི་འོད་ཀྱི་དྲོད་འཇམ་ལ་རོལ་བ། འདམ་དྲི་དང་རྩི་ཏོག་གི་དྲི་མར་སྣོམ་པ། རྒྱང་རིང་གི་བྱ་བྱེའུའི་སྐད་སྙན་དང་བྱིས་པའི་དགོད་སྒྲར་ཉན་པ་སོགས་འདོད་ཡོན་གྱི་ལོངས་སྤྱོད་ལ་ཅི་དགར་རོལ་ཐུབ་པས། ཁོ་མོའི་བསམ་པར་རང་ཉིད་དང་བྱང་ཁོག་གི་ཕྲུ་གུ་ལྷན་དུ་བདེ་བ་ཅན་གྱི་ཞིང་ཁམས་སུ་སླེབས་ཡོད་སོང་སྙམ་སྟེ་དགའ་སྤྲོ་དཔག་མེད་ཅིག་སྐྱེས་བྱུང་།

ཡུད་ཙམ་གྱི་རྗེས་སུ་ཁོ་མོ་རྨོངས་འཐོམ་ལས་སད་རྗེས། རང་ཉིད་སྔར་བཞིན་བདག་པོའི་སྒོ་འགྲམ་དུ་ཉལ་བསྡད་ཡོད་པ་དང་སུག་མགོ་དང་མཆི་ཏོའི་ཞགས་ཐག་སྔར་ལས་གྲོལ་ཡོད་པ་ཤེས་པས་འགྲེ་ལྡོག་ཅིག་དང་བཅས་ཡར་ལངས། དེ་དུས། སྒོ་འགྲམ་གྱི་རྒད་པོ་དེས་ཨ་མར་ཚེ་ཐར་གྱི་ཆོ་ག་སྒྲུབ་མགོ་བརྩམས། ཁོས་མར་རྡོག་ཅིག་ཨ་མའི་གདོང་དང་སྒལ་གཞུང་དུ་བསྐུས་པ་དང་། ཁ་ནས“གཡང་ལ་མ། ཉིན་དེ་རིང་ནས་བཟུང་ཁྱོད་ཚེ་ཐར་ལ་བཏང་བ་ཡིན། བཤས་ནས་ཤ་མི་ཟ། བཙོངས་ནས་རིན་མི་ལེན།”ཟེར་ཞོར་ཁྲུས་ཆུ་དཀར་པོ་ཞིག་གིས་ཨ་མའི་ལུས་ཡོངས་ལ་ཁྲུས་བྱས།

(འཕྲོ་མ་པར་ངོས16པར་གཟིགས།) དེ་རྗེས་ཁོས་མདོག་མི་འདྲ་བའི་གོས་སྣེ་འགས་བཟོས་པའི“སྲུང་རྟགས”ཤིག་ཨ་མའི་རྒྱབ་ལ་བཏགས་ཏེ་ཕྱིར་ལུག་ཁྱུ་རུ་འགྲོ་རུ་བཅུག

ཨ་མ་ཚེ་ཐར་དུ་བཏང་བས་ང་ལ་དགའ་སྤྲོའི་ཚོར་བ་སྨྲ་མི་ཤེས་པ་ཞིག་སྐྱེས་བྱུང་། ད་ནས་བཟུང་སྟེ་རི་སྤྱང་མ་གཏོགས་ཨ་མའི་ཚེ་སྲོག་གི་དགྲ་ཡ་སུ་ཡང་ཡོད་པ་མ་རེད། ཉིན་འདི་གར། ང་ཡང་ཨ་མའི་མངལ་གྱི་སྦུབས་སུ་མགྱོགས་མྱུར་གྱིས་ནར་སོན་ཞིང་རྐང་ལག་ཇེ་སྦོམ་དང་ལུས་ཀྱི་བལ་སྤུ་ཇེ་མཐུག་ཏུ་སོང་བས་རང་ཉིད་འཇིག་རྟེན་དཀར་ངོགས་སུ་འགྲོ་ལ་ཉེ་བ་ཤེས་ཐུབ།

ནམ་ཟླ་ཉིན་རེ་ནས་ཉིན་རེར་ཇེ་འཁྱག་ཏུ་སོང་བ་དང་། ངས་ཨ་མའི་བྲང་ཁོག་ནས་ཀྱང་རི་ཐང་དུ་འུར་འུར་ལྡང་བའི་སྟོན་མཇུག་གི་གྲང་ངར་ཚོར་ཐུབ།

ཤར་ཕྱོགས་ཀྱི་མཁའ་མཐའ་ནས་ཐོ་རངས་སྐར་ཆེན་ཆེམ་ཆེམ་འཚེར་བའི་ཞོགས་པ་ཞིག་ལ། བདག་པོ་ཚང་གིས་ཁྱིམ་གྱི་ཅ་ལག་ཐམས་ཅད་བསྡུ་གསོག་བརྒྱབ་ཀྱང་ལུག་ཁྱུ་དང་ནོར་ཁྱུ་དེད་ནས་དགུན་སར་རུ་སྤར་སོང་། མངལ་སྦྲུམ་ཡོད་པའི་མ་མོ་གཞན་དག་དང་འདྲ་བར་ཨ་མ་དལ་ལྷོད་ཀྱིས་ལུག་ཁྱུའི་རྗེས་སུ་འབྲངས་ཤིང་། བདག་པོས་རྟ་གོང་ནས་སྣ་གླུ་ཐན་ཐུན་རེ་ལེན་ཞོར་གཉིད་ལ་ཁད་ཀྱིས་ང་ཚོའི་རྗེས་དེད་ནས་ཡོང་།

ང་ཚོ་རི་ལམ་ཀྱག་ཀྱོག་ཅིག་བརྒྱུད་ནས་འགྲོ་སྐབས། གློ་བུར་དུ་ཡར་ངོས་ནས་རྦབ་རྡོ་ཞིག་ཨ་མའི་ཕྱོགས་སུ་ལྷུང་བ་དང་། ཨ་མས་དེ་མ་ཐག་བཤོལ་བ་དང་ཆབས་ཅིག་སྟབས་མ་ལེགས་པར་ཅལ་སྒྲ་དང་བཅས་དོང་ཆེན་ཞིག་གི་ནང་དུ་ལྷུང་སོང་།

དོང་ནང་དུ་ལྷུང་བའི་ལྗིད་ཤུགས་དེས་ང་རང་བརྒྱལ་བར་བྱས་ཏེ་ཡུན་རིང་ཞིག་ལ་སངས་མ་བྱུང་། ང་རང་དྲན་པ་སོས་རྗེས། ཨ་མས་ཆག་སྐྱོན་ཤོར་བའི་རྐང་པའི་ན་ཟུག་བསྲན་ཞོར་གྱོལ་མ་ལྡིང་གིས་དོང་ཞབས་སུ་ཕར་འགྲོ་ཚུར་འགྲོ་བྱས་ཏེ་འགྲོ་ལམ་ཞིག་འཚོལ་བཞིན་ཡོད་མོད། ཁ་གནམ་དུ་འཁོར་བའི་དོང་ཞིག་ལ་འགྲོ་ལམ་ཞིག་ག་ནས་མཆིས། ཨ་མའི་འབའ་སྒྲ་མཚམས་མི་ཆད་ཀྱང་། ལུག་ཁྱུ་དང་རྫི་བོ་སྔོན་ནས་རྒྱང་དུ་བཞུད་ཟིན་པས། བྲག་ཅ་འཁོར་བའི་འབའ་སྒྲ་ལ་རང་ཉིད་ཀྱིས་ཉན་པ་ལས་ཐབས་ཤེས་ཅི་ཡང་མི་འདུག

གློ་བུར་དུ། ཨ་མ་ལ་འཇིགས་སྣང་ཚབས་ཆེན་ཞིག་སྐྱེས་བྱུང་། འཆི་བ་ལས་ཀྱང་འཇིགས་ཡེར་བའི་ཚོར་བ་ཞིག་གིས་ཁོ་མོའི་ལུས་ཡོངས་སུ་བཅུམས་སོང་། དེ་ནི་ཁོ་མོ་དོང་འདི་ལས་བསྒྲལ་མི་ཐུབ་པ་དེ་མ་ཡིན་པར། རང་གི་སྙིང་ཉེ་བའི་ཕྲུ་གུ་དོང་ཞབས་འདི་ལས་བཙའ་དགོས་པ་དེ་རེད།

ང་རང་ཨ་མའི་མངལ་སྒོ་ལས་ཡུན་གྱིས་ཕྱིར་བུད། ཨ་མས་ང་རང་བདེ་བླག་ངང་བཙའ་ཆེད་ན་ཟུག་བསྲན་ནས་རྩིབ་ལོགས་སུ་ལོག་འདུག་པ་ལས་འགྲེ་ལྡོག་དང་འགྲོ་འོང་ཅི་ཡང་མ་བྱས།

ང་རང་དངོས་གནས་འཇིག་རྟེན་འདིར་སླེབས་བྱུང་། འཇིག་རྟེན་འདི་ངའི་འཆར་ཡན་ཁྲོད་ཀྱི་ཞིང་ཁམས་དེ་འདྲ་ཞིག་གཏན་ནས་མ་རེད། ལུས་འོག་གི་ས་འཁྱག་གིས་རུས་རྐང་གཟེར་བར་བྱེད་ལ། དོང་ཁ་ནས་གྲང་རླུང་གིས་དེད་པའི་ས་རྡུལ་བར་མེད་དུ་ངའི་དཀར་ལ་གཙང་བའི་སྤུ་གསེབ་ཏུ་བཏབ་ཡོང་། ཨ་མའི་རྐང་པར་རྨས་སྐྱོན་ཤོར་ཡོད་པས། ཁོ་མོ་ངའི་གམ་དུ་ལངས་མ་གོག་གིས་བསྡད་དེ་ངའི་ལུས་སྟེང་གི་མངལ་ཆུ་ལྡག་པར་བྱེད་པ་དང་། ཡུད་ཙམ་ནས་ངས་རང་གི་གཉོམ་ལག་མ་རྒྱས་པའི་སུག་བཞི་ལ་བརྟེན་ཏེ་ཡར་ལངས་རྩིས་བྱས་ཀྱང་ས་ངོས་སུ་འགྱེལ་འགྲོ་ལ། ཚོད་ལྟ་དུ་མ་བྱས་མཐར་ད་གཟོད་ལངས་ཐུབ་སོང་།

སྐབས་འདིར། ཨ་མས་རང་གི་སྡུག་བསྔལ་དང་ན་ཟུག ཡིད་སྐྱོ་བའི་གནས་བབ་ཐམས་ཅད་རྒྱང་དུ་བོར་ཞིང་། དྲོད་ཁོལ་གྱིས་ཁེངས་པའི་མིག་ཟུང་གིས་ང་རང་ཡར་ལངས་ཏེ་གོམ་པ་སྤོ་བར་ངང་སྒུག་བྱས་ནས་འདུག ངས་གོམ་པ་ཅུང་ཟད་སྤོ་ཐུབ་པ་དང་བསྟུན་ནས་རང་ཤུགས་ཀྱིས་ཨ་མའི་ནུ་མ་བཙལ་ཅིང་། ཨ་མའི་འོ་མ་ནི་ཅི་འདྲའི་ཞིམ་ཞིང་མངར་བ་ཞིག་རེད་ཨང་།

ངའི་ལྟོ་བ་འགྲངས་རྗེས། ཨ་མའི་བྲང་ཁར་རྒྱབ་གཏད་དེ་ཉལ་བ་ཡིན།

འདི་ནི་ང་འཇིག་རྟེན་འདིར་ཡོང་བའི་མཚན་མོ་དང་པོ་ཡིན་ལ། ང་ཨ་མའི་བྲང་ཁར་གླན་ཏེ་མཚར་སྣང་གི་མིག་གིས་དོང་ཁ་རུ་མཐོང་བའི་མཁའ་དབྱིངས་སུ་ཅེར་བསྡད་པ་ཡིན། ནམ་མཁའ་རུ་སྐར་མའི་ཚོགས་ཀྱིས་འོད་སྣང་འགྲན་པ་བཞིན་ཆེམ་ཆེམ་དུ་འཕྲོ་ཞིང་། ཞིབ་ཏུ་བལྟས་ན་སྐར་ཕྲན་རེ་རེ་ནི་དོང་ནང་གི་ངེད་མ་བུ་གཉིས་དང་འདྲ་བར་སྟོང་ཡངས་པའི་མཁའ་དབྱིངས་སུ་ཁེར་རྐྱང་དང་གཉོམ་ཆུང་གི་ཚུལ་གྱིས་འཛུམ། རེ་ཞིག་ནས་ཟླ་འོད་ཡང་དོང་ཁ་བརྒྱུད་ནས་ངེད་གཉིས་ཀྱི་སྟེང་དུ་འཕྲོས་ཤིང་། འཇིག་རྟེན་འདིར་གསར་དུ་སླེབས་པའི་མགྲོན་པོར་ཆེད་དུ་བལྟ་རུ་ཡོང་བ་ཇི་བཞིན་དོང་ནང་གསལ་ལྷང་ངེར་བཏང་བྱུང་།

ངས་སྔར་བཞིན་འཇིག་རྟེན་གྱི་བྱ་དངོས་གསར་པ་རེ་རེར་མིག་གིས་འཚོས་ནས་བསྡད་ཀྱང་། ཨ་མས་མཚམས་རེར་ངའི་ལུས་ལ་སྣོམ་ཙམ་བྱེད་ལ་མཚམས་རེར་ངའི་སྤུ་ལ་ལྡག་ཙམ་བྱེད་པས། སྨྲ་མི་ཤེས་པའི་བདེ་སྐྱིད་ཀྱི་ཚོར་བ་ཞིག་གིས་ཀུན་ནས་བརྟས་ཡོང་།

དུས་ཚོད་ཀྱི་ཆུ་རྒྱུན་ལ་ཆད་པ་མེད་པར་མདུན་དུ་བཞུར་ཞིང་། རྩྭ་རྐང་གཅིག་དང་ཆུ་ཁམ་གང་མེད་པའི་དོང་ཞབས་སུ་སྐྱབས་མེད་མགོན་མེད་དུ་ལུས་པའི་ངེད་མ་བུ་གཉིས་ནི། རླབས་ཀྱི་ཕྲེང་བས་བར་མེད་དུ་རྡེག་པའི་མཐའ་ཡས་པའི་རྒྱ་མཚོའི་ནང་གི་རྡོ་ཟེགས་ཤིག་དང་འདྲ་ལ། མུན་ནག་གིས་སྐད་ཅིག་ཁྱུར་མིད་གཏོང་བའི་མཁའ་དབྱིངས་ཀྱི་སྐར་མདའ་ཞིག་དང་མཚུངས་ཤིང་། ཡང་ན་རྟ་ཕོའི་རྨིག་འོག་ནས་སིལ་བུར་འཐོར་བའི་ལམ་འགྲམ་གྱི་རྩྭ་རྐང་ཞིག་དང་གཉིས་སུ་མ་མཆིས། ཡིན་ཡང་། སུ་ཞིག་གིས་ངེད་གཉིས་ཀྱི་བདེ་སྡུག་དང་ལས་དབང་ལ་སེམས་ཁུར་བྱེད་སྲིད་དམ།

ཉིན་གཉིས་འགོར་སོང་། ཨ་མས་ཕྲུ་གུ་བཙས་རྗེས་ཀྱི་ལྟོགས་སྐོམ་མ་བཟོད་པར་དོང་ཞབས་ཀྱི་ས་འཁྱག་བལྡགས་ཀྱང་རང་གི་རིལ་མ་ཟ་མགོ་བརྩམས། ཡིན་ཡང་ངས་སེམས་ཁུར་བྱེད་ས་གཙོ་བོ་དེ་ཨ་མའི་ནུ་མའི་ནང་གི་འོ་མ་ཉིན་རེ་ལས་ཉིན་རེར་ཇེ་ཉུང་དུ་འགྲོ་བཞིན་པ་དེ་རེད། ཡང་ཉིན་གཉིས་འགོར་སོང་། ཨ་མས་རུལ་མའང་ཟོས་ཚར་བས། རང་གི་ལུས་སྟེང་གི་བལ་ཟ་མགོ་བརྩམས། ད་ལྟ་ཨ་མའི་འོ་མ་ཧ་ཅང་ཉུང་བར་མ་ཟད་བྲོ་བའང་ཁྱོན་ནས་འགྱུར་འདུག དྲང་མོར་བཤད་ན་ནུ་མའི་ནང་ནས་བབས་པ་ནི་སྣག་ཁྲག་འདྲེས་མའི་གཤེར་ཁུ་ཞིག་ལས་འོ་མ་མ་རེད། ངས་བྲོ་བ་འདི་བཟོད་མ་ཐུབ་པར་ཁོང་ཁྲོ་ལངས་ནས་ཨ་མའི་ནུ་མགོར་སོ་ཞིག་བཏབ་མོད། ཨ་མ་ལ་ནུ་མ་དེ་ཁོ་མོའི་མིན་པ་ཇི་བཞིན་རྣམ་འགྱུར་ཅི་ཡང་མི་འདུག

ཉིན་འདི་གར། ཨ་མ་ཉིན་ཧྲིལ་པོར་ཉལ་ནས་འདུག་པ་ལས་གྲག་འགུལ་ཅི་ཡང་མེད་ལ། ང་ལའང་ཁ་ཡ་ཆེར་མི་བྱེད། ངས་ཀྱང་མཚམས་རེར་ལྟོགས་སྐོམ་མ་བཟོད་པར་ནུ་མའི་ནང་གི་སྐྱུག་བྲོ་བའི་གཤེར་ཁུ་དེ་ཁམ་གང་རེ་ལེན་པ་ལས་ཨ་མ་དང་ལྷན་དུ་ཉལ་བསྡད་པ་ཡིན་ལ། ཨ་མའི་ལུས་དྲོད་ཀྱང་ཉིན་རེ་བཞིན་ཇེ་འཁྱག་ཏུ་འགྲོ་བཞིན་པ་འདྲ།

ཉིན་དྲུག་པའི་མཚན་མོར། གནམ་གཤིས་གློ་བུར་དུ་ཇེ་འཁྱག་ཏུ་ཕྱིན་པ་དང་ཁ་བ་བབས་བྱུང་། ཁ་བའི་འདབ་མ་རེ་རེ་དོང་ཁ་ནས་ངེད་མ་བུ་གཉིས་ཀྱི་སྟེང་དུ་བབས་ཤིང་། ངས་འཁྱག་སིབ་སིབ་ཀྱི་གྲང་ངར་མ་བཟོད་པར་ཨ་མའི་བྲང་འོག་ཏུ་འཛུལ་ཅི་ཐུབ་བྱས་པ་དང་། རེ་ཞིག་ནས་གཉིད་དུ་ཡུར་སོང་།

མཚན་མོ་དེར་ཁ་བ་མཐུག་པོ་ཞིག་བབས་བྱུང་།

ཞོགས་པར་ང་རང་གཉིད་ལས་སད་རྗེས། ཨ་མའི་ལུས་སྟེང་དུ་ཁ་བ་མཐུག་པོ་ཞིག་ཆགས་འདུག་ཅིང་། སྲིང་བལ་གྱི་ཉལ་ཐུལ་བཀབ་པ་ལྟ་བུའི་ཁ་བའི་འོག་ཏུ་སྐམ་ཞིང་རིད་པའི་ཨ་མའི་ལུས་པོ་སྔར་ནས་འཁྱགས་འདུག་ལ། ཁོ་མོའི་ཕྱེས་ཡོད་པའི་མིག་ཟུང་ལས་ཚེ་སྲོག་གི་གསོན་ཉམས་ཅི་ཡང་རྙེད་ཀྱིན་མི་འདུག ངས་མགོ་དང་སུག་བཞིས་ཨ་མ་ཇི་ལྟར་བསྒུལ་ཡང་ཁོ་མོ་སད་མ་བྱུང་བས། ངས་ད་གཟོད་ཁོ་མོའི་རྣམ་ཤེས་སྡོང་མགོ་ནས་རླུང་གིས་ཁུར་བའི་ལོ་མ་ཇི་བཞིན་ལུས་པོ་དང་གཏན་དུ་བྲལ་སོང་བ་ཤེས་བྱུང་།

སྐབས་ཐོག་དེར། ང་ལ་འཇིགས་སྐྲག་ཚད་མེད་ཅིག་སྐྱེས་པ་དང་། ངས་རང་གི་གཉོམ་དུང་དུང་གི་སྐད་ཀྱིས་འབའ་སྐད་བརྒྱབ་པ་ཡིན། དུས་ཚོད་ག་ཙམ་འགྱངས་པ་མི་ཤེས་མོད། སྐབས་ཤིག་ལ་དོང་ཁ་ནས་ལུག་རྫི་བྱིས་པ་ཞིག་གི་གཟུགས་རིས་མངོན་བྱུང་། ཁོས་དོང་ནང་དུ་ཞིབ་ལྟ་ཞིག་བྱས་རྗེས་ཕྱིར་བུད་སོང་ལ། རིང་ཙམ་འགོར་རྗེས། ལུག་རྫི་བྱིས་པ་དེ་དང་མི་ཆེན་ཞིག་གིས་ཐག་པ་ཞིག་ཁྱེར་ཡོང་ནས“ལུ་གུ་འདི་སྙིང་མ་རྗེ”ཟེར་ཞོར་ཐོག་མར་ང་རང་དོང་ལས་ཕྱིར་བླངས་པ་དང་དེ་ནས་ཨ་མའི་བེམ་པོ་ཕྱིར་བླངས།

ཁོ་ཚོས་ཨ་མའི་བེམ་རོ་ལྭ་རྙིང་ཞིག་དང་འདྲ་བར་ས་རུ་གཡུགས་པ་དང་། གང་ནས་ཡོང་བ་མི་ཤེས་པའི་བཀྲེས་ལྟོགས་ཀྱིས་མནར་བའི་བྱ་རྒོད་སྐོར་ཞིག་གིས་ཨ་མའི་བེམ་རོ་ཁྱུར་མིད་བཏང་ཞིང་། དཀར་གཙང་གི་ཁ་བའི་ནང་དུ་ཟུངས་ཁྲག་གི་རྗེས་ཤུལ་མིག་ལ་གཟན་པ་ཞིག་བསྐྱུར་འདུག

ལུག་རྫི་བྱིས་པ་དེས་ང་རང་པང་ནས་ཁྱིམ་དུ་ཁྱེར་ཏེ་ང་ལ་མ་མ་ཞིག་བཀོད་སྒྲིག་བྱས་བྱུང་། མ་མ་དེའི་ལུ་གུ་མདང་དགོང་གངས་འཁྱག་གི་ཁྲོད་དུ་གྲང་ངར་གྱིས་ཤི་བས། བདག་པོས་ལུ་གུ་དེའི་པགས་པ་ངའི་ལུས་སྟེང་དུ་བཀབ་སྟེ་མ་མའི་གམ་དུ་ཁྲིད། ངས་ཁོ་མོའི་མཁྲང་ཞིང་ཟླུམ་པའི་ནུ་མ་མཐོང་མ་ཐག ཚམ་ཚོམ་མེད་པར་ཁོ་མོའི་གམ་དུ་བརྒྱུགས་པ་ཡིན། ཡིན་ན་ཡང་། ཁོ་མོས་རང་གི་ཕྲུ་གུ་མིན་པ་ཤེས་ཏེ་ང་ལ་འཕྲ་ཡིས་བརྒྱབ་ཀྱང་རྭ་ཡིས་བརྡུངས་པས། ང་རང་རེ་ཞིག་ཁོ་མོའི་གམ་དུ་བཏུད་མ་ཐུབ། བདག་པོའི་རམ་འདེགས་འོག་ཁོ་མོས་ཀྱང་ངའི་ལུས་སྟེང་གི་པགས་པར་བསྣམས་བསྣམས་བྱེད་ཞོར་ང་ལ་ནུ་མ་བསྣུན་བྱུང་། དྲང་མོར་བཤད་ན་ལུས་སྟེང་དུ་པགས་པ་ཞིག་བསྐོན་པ་ནི་མི་ཞིག་གིས་སྟོད་ཐུང་འདྲ་པོ་གཉིས་ཉིས་བརྩེགས་ཀྱིས་གྱོན་པ་བཞིན་ཧ་ཅང་བདེ་མོ་ཞིག་མ་ཡིན་མོད། དཀར་ཞིང་གཙང་ལ་རོ་བཅུད་འཛོམས་པའི་འོ་མ་འདི་འདྲ་ཞིག་ནུ་རྒྱུ་བྱུང་ན། དེ་ལ་སྡུག་སྣང་ཅི་ཡང་མི་འདུག

ངས་འོ་མ་འགྲངས་ཚད་པ་ཞིག་ནུས་རྗེས། ཁོ་མོས་དེ་སྔ་ངའི་སྟེང་ལ་གཤེ་གཤེ་བྱས་པར་འཁང་སེམས་སྐྱེས་ཏེ་མཉམ་དུ་བསྡད་མ་འདོད་པར། ལྷས་རའི་གྲུ་ཕུགས་ཤིག་ཏུ་ཕུང་བོ་རིལ་རིལ་བྱས་ནས་རང་གཅིག་པུ་གཉིད་དུ་ཡུར་བ་ཡིན། །